དམིགས་ཡུལ།

༡༽  

མཁར་ནང་གི་སྐད་སྒྲ།

༼མཁར་ནང་གི་སྐད་སྒྲ་༽ཞེས་པའི་དྲ་བརྙན་ཟིན་བྲིས་འདི་ནི་སུད་སི་ཁུལ་གཙོ་བོར་གྱུར་པའི་ཡོ་རོབ་རྒྱལ་ཁབ་ཁག་ནང་གནས་སྡོད་བོད་མི་རྣམས་དང་། བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་བོད་དོན་ལས་འགུལ་གང་སྤེལ། གཞན་ཡང་བོད་མིའི་ཆབ་སྲིད་དབུ་ཁྲིད་རྣམས་ཀྱི་དགོངས་ཚུལ། རྒྱ་ཆེའི་བོད་མི་རྒན་གཞོན་ཁག་གིས་བོད་དོན་ཐད་སྒེར་གྱི་བསམ་ཚུལ་གླེང་སློང་བྱེད་སའི་རང་དབང་གི་དྲ་བརྙན་ཟིན་བྲིས་ཤིག་ཡིན།

༢༽  

མཁར་ནང་གི་སྐད་སྒྲའི་དམིགས་ཡུལ།

དྲ་བརྙན་ཟིན་བྲིས་འདི་བརྒྱུད་ད་ལྟའི་བོད་བསྟན་སྲིད་མི་རིགས་ཀྱི་གནས་བབ་ཉག་ཕྲ་བ་དང་། མི་རིགས་ཤིག་གི་འཆི་གསོན་མདུན་དུ་ལྷག་པའི་གནས་བབ་འདིའི་ནང་གཞིས་ལུས་རྒྱ་ཆེའི་མི་མང་གི་སྙིང་སྟོབས་དང་བློས་བཏང་ཚད་མེད་གནང་བཞིན་པ་སྤྱི་དང་། བོད་པའི་སྤྱི་ཚོགས་ནང་སེམས་ཤུགས་ཆེན་པོས་བོད་དོན་ཆེད་དཀའ་ལས་རྒྱག་བཞིན་པ་རྣམས་ལ་མི་མང་གི་ངོས་འཛིན་གསལ་བོ་ཡོངས་ཐབས། ད་ལྟའི་བོད་མི་རྣམས་ཀྱིས་བོད་ཆགས་འཇིག་གི་གནས་སྟངས་ལ་འགན་ལེན་ཐུབ་པ་དང་། རྒྱལ་ཞེན་དང་ལ་རྒྱ། སྙིང་སྟོབས། བློས་བཏང་ཆེན་པོས་མདུན་མཆོངས་བྱེད་ཕོད་པའི་མི་རབས་ཤིག་གསར་དུ་འབྱུང་བར་སྐུལ་འདེད་གཏོང་ཐབས། ལྷག་དོན་བཙན་བྱོལ་བོད་མི་ཚོས་གཞིས་ལུས་རྒྱ་ཆེའི་མི་མང་གི་སེམས་ཀྱི་སྡུག་བསྔལ་དང་ན་ཟུག་ལ་ཚོར་ཤུགས་ཆེན་པོས་དཀའ་སྡུག་གི་ལོ་ཟླ་མཉམ་དུ་མྱོང་བའི་ཆོད་སེམས་བརྟན་པོ་སླེབས་ཐབས་ཀྱི་ཆེད་ཡིན།

༣༽  

མཁར་ནང་གི་སྐད་སྒྲའི་རེ་སྐུལ།

དྲ་བརྙན་ཟིན་བྲིས་འདི་ནི་མི་སྒེར་ཆེད་གཉེར་ཟིན་བྲིས་རྒྱུད་ལམ་ཞིག་ཡིན་པ་ལྟར། ཟིན་བྲིས་འདི་གོ་སྒྲིག་ཞུ་སྟངས་དང་། མདོ་འཛིན་ཞུ་ཕྱོགས་སོགས་ཀྱི་ཐད་ལེགས་བཅོས་དགོངས་འཆར་གང་མང་ཡོང་བར་དགའ་བསུ་ཚད་མེད་ཞུ་བཞིན་ཡོད།

རྩོམ་སྒྲིག་པས་ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༠༤ ཚེས་ ༢༠ ལ།