མཁར་འཕགས།

 

མཁར་འཕགས་ཀྱི་ལོ་རྒྱུས་རགས་བསྡུས།

205655_1015320443682_7621163_nགུས་པ་མཁར་འཕགས་ནི་ཕྱི་ལོ་ ༡༩༨༢     ལོར་བོད་མདོ་ཁམས་རྫ་ཆུ་ཁའི་མཁར་ནང་སོ་སྡེ་བ་རུ་ཕ་འཇམ་དབྱངས་བདེ་ཆེན་དང་མ་སྲིས་ལྷ་གཉིས་ཀྱི་བུར་སྐྱེས། ཆུང་དུས་བོད་མདོ་ཁམས་ཁུལ་དུ་གྲགས་ཆེ་བའི་འཇའ་ཐང་སྨན་ལྗོངས་ཕྱུག་མོའི་སྤང་ཐང་ནས་སྤུན་མཆེད་ཚོ་དང་ལྷན་དུ་རྩེད་དགོད་ཀྱི་ཁྲོད་ནས་འཚར་བ་དང་། ཅུང་ནར་སོན་རྗེས་དགུང་རྩེ་མོ་གནམ་ལ་ཟུག་འདྲའི་རི་ཆེན་ཀླུ་རིང་གི་སྒང་ཟུར་དུ་ནོར་ལུག་གི་རྫི་བོར་སོང་ཞིང་། ཕ་མཐའ་མི་མངོན་པའི་རྩྭ་ཐང་སྟེང་གི་གཞོན་ནུ་མའི་གླུ་སྐད་ཀྱིས་སྙིང་ཁམས་གསོས། རང་ལོ་ ༡༦ སྟེང་མཁར་ནང་སོ་དགོན་དགེ་ལྡན་བཤད་སྒྲུབ་ཐུབ་བསྟན་འཕེལ་རྒྱས་གླིང་དུ་དམ་པ་ཆོས་ཀྱི་བདུད་བརྩི་ལ་ལོངས་སུ་སྤྱོད་འདོད་ཀྱིས་ཆོས་ཞུགས་བྱས་ཤིང་། དུང་ཆེན་དང་མཁར་རྔ་། ཆོས་སྤྱོད་ཀྱི་སྒྲ་དབྱངས་སྙན་མོའི་སེམས་ཁམས་དག་ཞིང་དུ་ཁྲིད་པའི་དབེན་གནས་དེར་ལོ་གཅིག་ལྷག་བསྡད། ཆུང་དུས་ཕ་རྒན་དམ་པས་རྒྱ་དམར་གྱིས་བོད་ལ་སྡུག་སྦྱོང་བཏང་རབས་སོགས་རོང་འབྲོག་བོད་མིའི་སེམས་ཁམས་ན་ལྗིད་ཏིག་གེར་ཡོད་པའི་ཁོང་ཚོའི་མི་ཚེ་སྟེ། དུས་རབས་ཤིག་དང་མི་རབས་གཅིག་གི་སྐྱོ་གདུང་གི་ལོ་རྒྱུས་མང་པོ་ཞིག་བརྗོད་མྱོང་བ་ཡིད་ལ་ཡོད་པ་དང་། དབེན་དགོན་དུ་སྡོད་སྐབས་རྒྱ་གར་དུ་བོད་ཀྱི་ཁྲིམས་མཐུན་སྲིད་གཞུང་དང་། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག གཞན་ཡང་བོད་གངས་ཅན་ན་གྲགས་ཆེ་བའི་གདན་ས་ཆེན་པོ་གསུམ་སོགས་སློབ་སྦྱོང་བྱེད་ཡུལ་གྱི་བསྟི་གནས་ཡོད་པ་ཁག་ཏུ་རང་ཡུལ་གཅིག་པ་ཡང་མང་པོ་ཡོད་པ་ཤེས་ཤིང་། དཀའ་ཐུབ་ནགས་སུ་བསྟེན་པའི་སྟོན་པ་གོའུ་ཏ་མའི་གནས་ཁྱད་པར་ཅན་རྡོ་རྗེ་གདན་སོགས་གནས་ཆེན་ཁག་མཇལ་སྐོར་དང་། ལྷག་པར་༸གོང་ས་ཐམས་ཅད་མཁྱེན་པའི་ཞལ་མཇལ་གསུང་ཐོས། གདན་ས་ཆེན་པོ་ཁག་ཏུ་སློབ་གཉེར་ཅུང་ཟད་བྱེད་འདོད་བཅས་ཀྱིས་རང་སེམས་གནོན་ཐབས་བྲལ་བས་འགྲོ་འདོད་སྐྱེས་ཤིང་། བཀའ་དྲིན་མཚུངས་ཟླ་མེད་པ་ཨ་ཞང་དགེ་སློང་སྐལ་བཟང་དབང་རྒྱལ་ལགས་ཀྱིས་འགྲོ་གྲོན་སོགས་མཐུན་འགྱུར་འོག་རང་ངོས་ནས་རི་ཆུ་ཁྲི་སྟོང་གི་འགག་འཕྲང་བརྟོལ་ཅིང་དཀའ་སྡུག་གྲངས་མེད་ཀྱི་ནམ་ཟླ་མྱངས་མཐར་རྒྱ་གར་དུ་བཙན་བྱོལ་དུ་སླེབས། འཕགས་ཡུལ་སེར་བྱེས་གྲྭ་ཚང་དུ་ལོ་གཉིས་ལྷག་གི་རིང་བརྒལ་བརྟག་རིགས་པའི་རོལ་རྩེད་ཅི་དགར་ངོམས་ཤིང་། ནང་དོན་ཟབ་མོ་འཕགས་བོད་པཎ་གྲུབ་ཀྱི་གཞུང་ལུགས་ཁག་ལ་གུས་བརྟག་བརྩོན་པའི་འཇུག་པའི་ཆོས་གྲོགས་དག་དང་ལྷན་དུ། དགེ་བའི་བཤེས་གཉེན་རྣམས་ཀྱིས་སྐུ་དྲིན་ལ་བརྟེན་ནས་སློབ་གཉེར་ཅུང་ཟད་བྱས། མི་ཡུལ་ས་མཐའི་ཚ་གདུང་གིས་གཟིར་ཞིང་། ལུས་ཕུང་བདེ་མིན་ལ་བརྟེན་ནས་སླར་ཡང་རང་ཡུལ་བོད་དུ་ཕྱིར་ལོག་བྱས། མ་རྒན་དང་། ཨ་ཞང་སོགས་གཉེན་ཉེ་ཁག་ངོ་ཐུག་གིས་ཤི་གསོན་འཕྲད་པ་ལྟ་བུའི་དགའ་སྤྲོ་ཐོབ། ལོ་དེར་ཉ་འཚོ་ཟིལ་དཀར་དགོན་དུ་མདོ་ཁམས་འཇང་དགུན་ཆོས་ཐོག་ཆེན་མོ་ཚུགས་འདུག་པར་སོང་ཞིང་། མདོ་ཁམས་ཁུལ་གྱི་བློ་གསལ་གཞོན་ནུ་སློབ་གཉེར་བ་དུ་མ་འདུག་པ་དག་དང་ལྷན་དུ་ཆོས་ཀྱི་བགྲོ་གླེང་བྱས་ཤིང་སྐལ་བཟང་གི་གོ་སྐབས་ཐོབ་སོང་སྙམ་ནས་སེམས་པ་སྐྱིད་པོ་བྱུང་། དེ་ནས་ཕ་ཡུལ་ཕྱོགས་ཀྱི་གནས་སྟངས་མང་པོ་ཞིག་མཐོང་བས་རང་བཞིན་གྱིས་གང་ས་ནས་རང་ཉིད་ཀྱི་ཁོར་ཡུག་དེས་རང་ཉིད་བསྡམས་བསྡད་ཡོད་པ་ལྟ་བུ་དང་། ག་རེ་བྱས་ཀྱང་གཟབ་ནན་ཧ་ཅང་བྱེད་དགོས་པ་ཞིག་ཆགས་སོང་། དེར་བརྟེན་ཕ་ཡུལ་དུ་ཟླ་བ་གསུམ་ཙམ་འགྲོ་སྐབས་ཕྱིར་རྒྱ་གར་དུ་ལོག་པའི་འདུན་པ་འགོག་མེད་དུ་སྐྱེ་བཞིན་འདུག་སྟབས། མ་རྒན་དང་སྤུན་མཆེད་ཚོར་དེ་ལུགས་བརྗོད་རྗེས་ལྷ་སར་ཐོན་པ་ཡིན། ལྷ་སར་འབྱོར་རྗེས་ལམ་སེང་རྒྱ་གར་དུ་འགྲོ་མ་ཐུབ་སྟབས་མཁས་དབང་དུང་དཀར་རིན་པོ་ཆེས་བཙུགས་པའི་དུང་དཀར་སློབ་གྲྭར་སོང་ཞིང་དབྱིན་ཇི་དང་རྒྱ་ཡིག་སྦྱངས། ལྷ་སར་སྡོད་ཡུན་རིང་དེ་ཁུལ་སྡོད་པའི་བོད་མི་ཆབ་སྲིད་བཙོན་ཟུར་ཐུབ་བསྟན་བསོད་ནམས་སོགས་བོད་དོན་འཐབ་རྩོད་པ་འགའ་ངོ་ཤེས་སུ་གྱུར་ཅིང་། ཁོང་ཚོའི་ས་ནས་བོད་མི་བོད་ཀྱི་ལ་རྒྱ་ཅན་དག་གི་མི་ཚེ་ཇི་ལྟར་རྫོགས་བཞིན་ཡོད་པ་དང་། ཁོང་ཚོ་སོ་སོས་ཇི་ལྟར་བོད་དོན་འཐབ་རྩོད་བྱས་པ་ནས་རྒྱ་ལག་ཏུ་དཀའ་སྡུག་མནར་གཅོད་གང་འདྲ་མྱངས་པའི་ཡིད་སྐྱོའི་ལོ་རྒྱུས་དག་རེ་རེ་བཞིན་ཤེས་ཚོར་བྱུང་ཞིང་། གྲྭ་བཞི་བཙོན་ཁང་གཙོས་བཙོན་ཁང་ཁག་ཅིག་ཀྱང་མིག་གིས་དངོས་སུ་མཐོང་། དུས་སྐབས་དེ་ནས་བཟུང་ང་རྒྱ་འོག་གི་བོད་མི་ཞིག་གིས་༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཟེར་ནས་མནའ་ཞིག་བསྐྱལ་བ་མཐོང་ན་དགའ་མོས་བྱེད་མཁན་ཞིག་ཏུ་གྱུར་སོང་། ལྷ་སར་ལོ་གཅིག་ལྷག་བསྡད་པའི་དུས་ཡུན་དེའི་ནང་ངའི་མི་ཚེའི་བསམ་བློ་གཏོང་ཕྱོགས་ལ་རང་བཞིན་གྱིས་འགྱུར་བ་མང་པོ་ཞིག་བྱུང་ཡོད་པ་ང་རང་གིས་ད་ལྟ་ཕྱིར་བལྟས་བྱེད་སྐབས་ཤེས་ཀྱི་འདུག མཐར་ལྷ་ས་ནས་ཁ་བྲལ་ཞིང་བལ་བོད་ས་མཚམས་སུ་བརྗོད་པའི་འགྲམས་ཀྱི་འགག་སྒོའི་ཉེ་འཁྲིས་ཤིག་ནས་ས་མཚམས་བརྒལ་སྟེ་བལ་ཡུལ་དུ་འབྱོར། ལོ་དེར་༸གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་སམ་ཨ་མར་ཝ་ཏི་རུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་གི་ཡོད་སྟབས་བོད་མི་ཚང་མ་དེ་ཕྱོགས་སུ་བསྐྱོད་ཀྱི་ཡོད་པ་ལྟར་ཆེད་བསྐྱོད་བྱས། སྐབས་དེར་གློ་བུར་བོད་ནས་སླེབས་པ་ཡིན་སྟབས་གནམ་གཤིས་ཚ་གདུག་གིས་དཀའ་ངལ་ཆེ་ཙམ་བྱུང་ཡང་གཅིག་ནས་༸གོང་ས་མཆོག་གི་ཞལ་མཇལ་གསུང་ཐོས་དང་། གཉིས་ནས་ལས་བྱ་བ་ག་རེ་བྱས་ཀྱང་རང་དབང་ཡོད་སྟབས་དབུགས་གཏོང་བདེ་བའི་ཚོར་སྣང་ཟབ་མོ་བྱུང་། དེ་རྗེས་ལྡི་ལི་མན་ཇུ་ཀྲི་ལ་འམ་བོད་སྒར་བསམ་ཡས་གླིང་དུ་གནས་སྡོད་བྱས་ཤིང་། རིམ་པས་དེ་ཁུལ་གྱི་བོད་མི་དང་། རྒྱ་གར་བྱང་ཤར་གཙོས་ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་མི་རིགས། རྒྱ་གར་བ་སོགས་ཀྱི་ཕོ་མོ་མང་དག་དང་འབྲེལ་འདྲིས་བྱས་ཤིང་། དབྱིན་ཧིན་སྐད་ཡིག་ཀྱང་དེ་སྐབས་རང་བཞིན་གྱིས་ཡར་ཐོན་བྱུང་། ཕྱོགས་གཞན་ཞིག་ནས་ལོ་ངོ་དེ་དག་གི་རིང་བོད་དོན་ལས་འགུལ་ཁག་ཏུ་ཞུགས་ཤིང་སྔ་ཕྱིར་ཨེ་ཤ་ཡ་མངའ་ཁུལ་གྱི་བཙོན་ཁང་ཆེ་ཤོས་སུ་གྲགས་པའི་རྒྱ་གར་གྱི་དབུས་བཙོན་ཁང་ཆེན་མོ་ཏི་ཧར་སོགས་སུ་ཐེངས་མང་ཚུད། རང་ལོ་ ༢༨ སྟེང་སུད་སི་ཁུལ་དུ་སྐྱབས་བཅོལ་ཞུས་ཤིང་། བོད་མི་མང་གིས་འོས་འདེམས་བྱས་པའི་འགན་དབང་ཆ་ཚང་ལྡན་པའི་བོད་ཀྱི་སྲིད་སྐྱོང་གསར་པ་ཁྲི་སྟོན་གྱི་ཉིན་ཏེ། ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༨ ཚེས་ ༨ ཉིན་ཕྲན་དང་སེར་ཤུལ་ཨུ་རྒྱན་ཚེ་རིང་གཉིས་ནས་བོད་དུ་དཀའ་སྡུག་མནར་གཅོད་ཚད་མེད་མྱོང་བཞིན་པའི་བོད་མི་ཚོའི་ཚབ་བྱས་ཏེ་སུད་སི་ལྗི་ནི་ཝ་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་སུ་བོད་དོན་མཉམ་འབྲེལ་རྒྱལ་ཚོགས་སུ་ཞུ་གཏུགས་ཆེད།  སུད་སི་ཛུ་རིག་གྲོང་ཁྱེར་ནས་ལྗི་ནི་ཝ་གྲོང་ཁྱེར་བར་གོམས་བགྲོད་ལས་འགུལ་སྤེལ་བ་དང་། སྐབས་དེར་ཞི་བའི་གོམ་བགྲོད་ཀྱི་ཆ་རྐྱེན་རྣམས་ ༡༽མི་མང་གི་ཐད་ཀར་འདེམས་པའི་བཀའ་བློན་ཁྲི་པ་མཆོག་དང་རྒྱ་གཞུང་བར་གྲོས་མོལ་བྱེད་དགོས་པ་དང་།  ༢༽ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སོགས་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གློད་བཀྲོལ་གཏོང་དགོས་པ། ༣༽བོད་དུ་རྒྱལ་ཚོགས་ཀྱི་རྟོག་ཞིབ་ཚོགས་ཆུང་ངེས་པར་བསྐྱོད་དགོས་པ། ༤༽བོད་དུ་གསར་འགོད་རང་དབང་དགོས་པ་བཅས་ཀྱི་དགོས་འདུན་བཏོན་ཞིང་གོམས་བགྲོད་བྱས་པ་ཡིན། དེ་བཞིན་ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༡༡ ཚེས་ ༡༤ ནས་ ༡༦ བར་ཉིན་གསུམ་རིང་༼གཞིས་ལུས་བོད་མའི་ཚབ་བྱས་ནས་རྒྱལ་ཚོགས་སུ་པུས་བཙུགས་ལས་འགུལ་༽ཞིག་ཕྲན་དང་།  ཐར་ཤུལ་བསོད་གྲགས།  སེར་ཤུལ་ཨུ་རྒྱན་ཚེ་རིང་། འཇིགས་བྲལ་བསྟན་འཛིན་བཅས་ནས་སྤེལ་ཞིང་། ཚེས་ ༡༦ ཉིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ནེ་ཝི་པེ་ལེ་མཆོག་གི་ཕྱག་ཏུ་ངུ་འབོད་དང་བཅས་པུས་མོར་སར་བཙུགས་ཏེ་གཞིས་ལུས་བོད་མིའི་ཚབ་བྱས་ནས་བདེ་སྡུག་སྙན་ཞུ་ཕུལ་བ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་མཆོག་གིས། ངས་ལས་བྱེད་བཏང་ནས་ཁྱེད་ཚོའི་བདེ་སྡུག་ཉན་གྱི་ཡིན་ཞེས་ཞལ་བཞེས་གནང་བ་ལྟར། དེ་ཉིན་རྒྱལ་ཚོགས་ལས་ཁང་ནང་དུ་མི་མང་སྤྱི་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་དབུ་འཛིན་ June RAY, Chief Civil Society of the High commissioner for Human Rights མཆོག་ཐུག་འཕྲད་ཀྱིས་ཡིག་ཐོག་ཏུ་ཡོད་པའི་སྙན་ཞུ་སླར་ཡང་ཕུལ་བ་དང་། དེ་སྐབས་འདས་པའི་མི་ལོ་དྲུག་བཅུ་ལྷག་གི་རིང་བོད་ཕྱི་ནང་གི་བོད་མི་ཚོས་ལུས་སྲོག་ལོངས་སྤྱོད་ཀྱི་འགྲོ་གྲོན་བཏང་ནས་རེ་བ་བྱས་ཀྱང་བདག་སྤྲོད་བྱེད་ཀྱི་མི་འདུག ད་དུང་མུ་མཐུད་འདི་ལྟར་གནང་ཚེ་ང་ཚོ་བོད་ཕྱི་ནང་གི་གཞོན་སྐྱེས་ཡོངས་ཀྱི་ལག་ཏུ་ལྷགས་ཡོད་པ་དེ་རང་གི་ལུས་པོ་འདི་ཡོད་པ་དེ་ཐུགས་ལ་འཇོག་དགོས་པ་དང་། རྒྱ་མི་ལ་མེ་མདའ་དང་། དཔལ་འབྱོར་ཡོད་ཀྱང་རུང་། བོད་མི་ལ་དེ་འདྲ་མེད་ཀྱང་རུང་གང་ལྟར་འགྲོ་བ་མི་གཅིག་མཚུངས་ཡིན་པ་བརྗེད་མི་རུང་བ་དང་། གཞི་རྩ་སྙན་ཞུའི་ནང་གསལ་ལྟར་རྒྱལ་ཚོགས་ནས་བོད་དོན་གྲོས་ཆོད་གླེང་སློང་ལག་བསྟར་དང་། བོད་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་རྒྱ་གཞུང་གི་དབར་དོན་དམ་གྱི་གྲོས་མོལ་བྱེད་པའི་ལྡིང་ཆ་བསྐྲུན་དགོས་པ་དང་། རྒྱལ་ཚོགས་ནས་བོད་ནང་གི་གནས་སྟངས་ལ་བློ་འཚབ་དང་ཛ་དྲག་གི་འབོད་སྐུལ་ཞུ་གི་ཡོད་ཟེར་བ་ཙམ་མིན་པར་སྐུ་ཚབ་དངོས་བསྐྱོད་ཀྱིས་བོད་ནང་གི་བདེ་སྡུག་ལ་བདག་སྤྲོད་དགོས་པ་འདི་དག་ཞུ་བཞིན་ཡོད་ཅེས་ངག་ཐོག་ནས་ཞུས་པ་དང་། སྐབས་དེར་གཞིས་ལུས་བོད་མིའི་དཀའ་སྡུག་གི་གནས་སྟངས་རྒྱུས་ཡོད་ཀྱི་ཆ་ནས་སྐྱོ་ཤས་དྲག་པོ་བྱུང་སྟེ་ངུ་བཞིན་དང་།  མིག་ཆུ་ཕྱིད་བཞིན་གནད་དོན་ཁག་འགྲེལ་བརྗོད་བྱས།  དེ་བཞིན་རྒྱལ་ཚོགས་ཀྱི་ལས་བྱེད་བདུན་བརྒྱ་ལ་ཉེ་བའི་ལག་ཏུ་བོད་དོན་སྙན་ཞུ་ཕུལ། སྐབས་དེར་དགོས་འདུན་བཏོན་པ་ཁག་ནི།  ༡༽ ཕྱི་ལོ་ ༡༩༥༩ དང་། ༡༩༦༡། ༡༩༦༥ སོ་སོར་རྒྱལ་ཚོགས་ཀྱིས་བོད་དོན་ཐོག་བཞག་པའི་གྲོས་ཆོད་ཁག་སླར་ཡང་གླེང་སློང་དང་། ལག་བསྟར་མཇུག་གནོན་ངེས་པར་བྱེད་དགོས་པ།  ༢༽ རྒྱལ་ཚོགས་ནས་རྒྱ་གཞུང་ལ་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་རྟོག་ཞིབ་སླད་རང་དབང་ཅན་གྱི་རྒྱལ་སྤྱིའི་སྐུ་ཚབ་དང་གསར་འགོད་པ་ཆེད་གཏོང་གིས་ས་གནས་ས་ཐོག་གི་གནས་སྟངས་ངོ་མ་ཤེས་ཐབས་ཆེད་རྒྱབ་སྐྱོར་གནང་དགོས་པའི་ཛ་དྲག་གི་འབོད་སྐུལ་ཙམ་མིན་པར་ངེས་པར་ཕེབས་ཐུབ་པ་དགོས་རྒྱུ།   ༣༽ རྒྱལ་ཚོགས་ཀྱིས་བོད་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་རྒྱ་གཞུང་གི་དབར་དོན་དམ་གྱི་འབྲེལ་མོལ་གནང་རྒྱུའི་ལྡིང་ཆ་བསྐྲུན་དགོས།  ༤༽ པཎ་ཆེན་རིན་པོ་ཆེ་སོགས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པར་འཕྲལ་དུ་གློད་གྲོལ་གཏོང་ཐབས་བྱེད་དགོས་རྒྱུ་ཅེས་གསལ་ཡོད། སྐབས་དེའི་ཞིབ་ཕྲའི་གནས་ཚུལ་གསར་ལམ་ཁག་ཏུ་ཐོན་ཡོད་པ་དང་། ཟིན་བྲིས་འདིར་ཡང་༼གཞིས་ལུས་བོད་མིའི་ཚབ་༽ཅེས་པའི་ལེ་ཚན་དུ་སྙན་ཞུ་དང་དཔར།  གནས་ཚུལ་སོགས་གསལ་ཡོད། གུས་པ་ད་ལྟའི་ཆར་སུད་སི་བོད་ཀྱི་མི་རབས་གསར་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་དང་འཛམ་གླིང་བོད་མིའི་བདེན་དོན་དང་བླང་ལས་འགུལ་ཁང་གི་ཚོགས་གཞོན་དང་། མཁར་ནང་གི་སྐད་སྒྲའི་རྩོམ་སྒྲིག་པ་དང་མདོ་འཛིན་པ་བཅས་ཀྱི་ལས་ཀ་བྱེད་མུས་ཡིན།