གླུ་བ་སྐལ་བཟང་ཡར་འཕེལ་ཀློད་གྲོལ་བཏང་།

དེ་རིང་སྔ་དྲོར་རྒྱ་ནག་གཞུང་གིས་རྨ་ཆུ་རྫོང་ཁོངས་ནས་ཡིན་པའི་རྡུང་ལེན་པ་སྐལ་བཟང་ཡར་འཕེལ་ལགས་ཀློད་གྲོལ་བཏང་ཡོད་འདུག

རྨ་ཆུ་རྫོང་རྨ་ཁུག་རྟ་ར་ནས་ཡིན་པའི་རྡུང་ལེན་པ་སྐལ་བཟང་ཡར་འཕེལ་ལགས་དེ་རིང་སྔ་དྲོར་བཙོན་གྲོལ་བཏང་ཡོད་པ་དང་། ཁོང་ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༦ ཚེས་༡༤ ཙམ་ལ་བོད་ཀྱི་རྒྱལ་ས་ལྷ་ས་ནས་རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བྱས་ཏེ། ཁྲིན་ཏུའུ་གྲོང་ཁྱེར་གྱི་བཀག་ཉར་ཁང་ཞིག་ཏུ་ཟླ་བ་ ༡༦ ལྷག་ཙམ་རིང་བཀག་ཉར་བྱས་རྗེས། ཕྱི་ལོ་ ༢༠༡༢ ལོར་ཁོང་གིས་གཙོ་སྒྲུབ་གནང་བའི་༼ཁ་བའི་མེ་ཏོག་རིག་རྩལ་སྤྲོ་ཚོགས་ཆེན་མོ༽དང་། ཁོང་གི་གླུ་གཞས་༼བོད་པ་ཚོ༽དང་༼བླ་མ་ལགས༽ཞེས་པ་སོགས་ཀྱི་ནང་ཆབ་སྲིད་ཀྱི་གནད་དོན་ཡོད་པའི་ནག་ཉེས་མིང་འོག ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༢༧ ཉིན་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཁྲིམས་ཁང་ཞིག་ནས་ཁོང་ལ་ལོ་ ༤ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།

ཁ་བའི་མེ་ཏོག་ཅེས་པའི་གླུ་གཞས་དགོང་ཚོགས་དེ་ནི་བོད་རིགས་རྣམས་ཀྱིས་རང་གི་ཕ་སྐད་གཙང་མ་བཤད་པར་སྐུལ་སློང་གི་རིག་རྩལ་དགོང་ཚོགས་ཤིག་ཡིན་པ་དང་། དགོང་ཚོགས་དེའི་སྟེང་ཁོང་གིས་བླངས་བའི་༼བོད་པ་ཚོ༽ཞེས་པའི་ནང་དུ། བོད་པ་ཚོ། ང་ཚོའི་བོད་ཡིག་སྦྱོང་། བོད་སྐད་བཤད། བོད་ཀྱི་སྐད་དང་ཡི་གེ་སྦྱོང་བའི་འོས་འགན་ང་ཚོར་ཡོད། བོད་པ་ཚོ། ང་ཚོས་མཐུན་སྒྲིལ་བྱེད། མཐུན་སྒྲིལ་བྱེད། སྟོད་སྨད་བར་གསུམ་མཐུན་སྒྲིལ་བྱས་ཏེ་རྡོག་རྩ་གཅིག་སྒྲིལ།  བོད་པ་ཚོ། ང་ཚོས་སྙིང་སྟོབས་སྐྱེད། སྐྱིད་སྡུག་འདྲེས་མའི་ལོ་ཟླ་བསམ་ཏེ་ང་ཚོས་སྙིང་སྟོབས་སྐྱེད། བོད་པ་ཚོ། ང་ཚོས་བདེ་སྡུག་གླེང་། མ་འོངས་བོད་མིའི་མདུན་ལམ་བསམ་དེ་ང་ཚོས་ཕུགས་བསམ་འཚོལ། བོད་པ་ཚོ། ང་ཚོས་ལ་རྒྱ་འཛིན། ལ་རྒྱའི་ཕྲག་གདང་གཤིབ་སྟེ། ང་ཚོ་མདུན་དུ་བསྐྱོད། བོད་པ་ཚོ། ང་ཚོས་འབད་བརྩོན་བྱེད། དུས་རབས་གསར་བའི་བོད་པའི་རྒྱུད་འཛིན་ང་ཚོ་ཡིན། བོད་པ་ཚོ། ” ཞེས་བརྗོད་ཡོད་འདུག

ཁོང་གི་རིག་རྩལ་དགོང་ཚོགས་དེའི་འོད་ཟེར་རྣམས་བོད་ཁུལ་དུ་བཀྲམས་ཏེ་ཟླ་གཅིག་ཙམ་རྗེས། རྒྱ་ནག་གཞུང་གིས་ཁོང་གི་འོད་སྡེར་རྣམས་བཀག་སྡོམ་ཕྱིར་བསྡུ་བྱས་པ་མ་ཟད། ཐེངས་ཁ་ཤས་ལ་ལྷ་ས་ནས་ཁོང་བཀག་ཉར་འདྲི་རྩད་བྱས་ཡོད་པ་དང་། མཐར་སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་དུ་བཙན་འཁྲིད་བྱས་ཏེ་ཡུན་རིང་གཅར་རྡུང་འདྲི་རྩད་མྱངས་རྗེས། ཆབ་སྲིད་ཀྱི་ནག་ཉེས་གཡོགས་ཏེ་བཙོན་འཇུག་བྱས་ཡོད་པ་རེད།