བོད་མིའི་མང་གཙོ་དབུ་བརྙེས་ཏེ་མི་ལོ་ ༥༧ འཁོར་བ།

བོད་མིའི་མང་གཙོ་དབུ་བརྙེས་ཏེ་མི་ལོ་ ༥༧ འཁོར་བའི་དུས་ཆེན་མཛད་སྒོའི་ཐོག་བཀའ་ཤག་གིས་གནང་བའི་གསུང་བཤད།

༄༅། །༸རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག ཁམས་གསུམ་ཆོས་ཀྱི་རྒྱལ་པོ། འཇིག་རྟེན་ཞི་བདེའི་དེད་དཔོན། བོད་ཀྱི་ལྷ་སྐལ་འཕགས་མཆོག་འཇིག་རྟེན་དབང་ཕྱུག་མིའི་རྣམ་པར་རོལ་བ། བོད་མི་ཡོངས་ཀྱི་མགོན་སྐྱབས་དང་དབུ་འཁྲིད་བླ་ན་མེད་པ། བོད་མིའི་མང་གཙོའི་ཤིང་རྟའི་སྲོལ་འབྱེད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་བཏང་སྟེ། ད་རིང་བོད་མིའི་མང་གཙོ་དབུ་བརྙེས་ཏེ་མི་ལོ་ ༥༧ འཁོར་བའི་དུས་ཆེན་གྱི་ཉིན་མོ་འདིར་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ངོས་ནས་གཞིས་བྱེས་བོད་མི་ཡོངས་དང་། བོད་དང་བོད་མིར་རྒྱབ་སྐྱོར་དང་རོགས་མགོན་གནང་མཁན་ཕྱི་ནང་ཚོགས་སྒེར་ཡོངས་ལ་སྤྲོ་སེམས་ཆེན་པོས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་གཞི་དང་ལམ་སྟོན་གཞིར་བཟུང་ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་བོད་མིའི་མང་གཙོ་ཐོག་མར་དབུ་བརྙེས་ཤིང་། ༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནས་སྐུ་ན་ཕྲ་དུས་ནས་བོད་ཀྱི་སྤྱི་ཚོགས་ལམ་སྲོལ་ལ་དུས་དང་འཚམས་པའི་སྒྱུར་བཅོས་དགོས་གལ་གཟིགས་ཏེ། ཕྱི་ལོ་ ༡༩༥༡ ལོར་བོད་རྒྱལ་ཁབ་ཆེན་པོའི་ལུགས་གཉིས་ཐུགས་འགན་བཞེས་འཕྲལ་ལེགས་བཅོས་ལས་ཁུངས་ཟུར་འཛུགས་གནང་བས་མཚོན་ཐུགས་བརྩོན་ཆེན་པོ་གནང་ཡོད་རུང་། རྒྱ་དམར་གྱི་དབང་ཤུགས་དང་དྲག་གནོན་ཇེ་ཆེར་སོང་བ་སོགས་ཕྱི་ནང་འགལ་རྐྱེན་དུ་མའི་དབང་གིས་ཐུགས་བཞེད་ཇི་བཞིན་མ་འགྲུབ་ཁར། གནས་སྟངས་རིམ་པས་ཇེ་ཞན་ཇེ་སྡུག་ཏུ་སོང་སྟེ་མཐར་ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཕེབས་དགོས་གྱུར་པ་དང་། བཙན་བྱོལ་དུ་ཕེབས་འཕྲལ་བོད་མིའི་རང་དབང་སླར་གསོ་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང། སྐད་ཡིག ཡ་རབས་གོམས་གཤིས། མི་རིགས་བཅས་རྩ་བརླག་མི་འགྲོ་སླད། རྒྱ་གར་དུ་བཙན་བྱོལ་བོད་གཞུང་གི་རྟེན་གཞི་གསར་འཛུགས་དང་། དེ་བཞིན་གཏན་ཉིན་སློབ་གྲྭ་ཁག སོ་ནམ་དང་བཟོ་ལས་གཞིས་ཆགས་ཁག ཆོས་སྡེ་གདན་ས་ཁག གཞན་ཡང་མཐོ་སློབ་དང་རིག་གཞུང་ཚོགས་སྡེ་བཅས་གསར་འཛུགས་མཛད་པའི་སྒོ་ནས་བོད་དང་བོད་མིའི་རྩ་དོན་ཐོག་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་ཀྱིས་རླབས་ཆེའི་མཛད་འཕྲིན་ཇི་ལྟར་བསྐྱངས་ཡོད་མེད་ཚང་མའི་དགོངས་མངའ་ལྟར་ཡིན།

ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་མང་གཙོའི་ལམ་ཕྱོགས་སུ་འཁྲིད་གནང་མཛད་ཐོག སྒྲིག་འཛུགས་དང་འཛིན་སྐྱོང་གི་སྒྲོམ་གཞིར་དུས་བསྟུན་ལེགས་བཅོས་དང་ཡར་རྒྱས་གཏོང་གནང་མཛད་ཡོད། དེ་ཡང་བོད་དང་བོད་མི་སྤྱི་ཡོངས་ཀྱི་གནས་སྟངས་ལ་གཞིགས་ཏེ་ཆོལ་ཁ་གསུམ་དང་ཆོས་ལུགས་ཆོས་བརྒྱུད་ཀྱི་ངོ་ཚབ་མཚོན་པའི་མི་མང་གི་སྤྱི་འཐུས་བསྐོ་འདེམས་བྱེད་སྲོལ་གཏོད་པའི་སྒོ་ནས་བོད་མིའི་མང་གཙོའི་ཤིང་རྟའི་སྲོལ་འབྱེད་མཛད་ཡོད། ཕོ་མོ་འདྲ་མཉམ་གྱི་ལྟ་བ་ལག་ལེན་དོན་ཁེལ་སླད་བུད་མེད་ཀྱི་ཆེད་དུ་སྤྱི་འཐུས་ཞབས་སྟེགས་ཟུར་བཅད་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་བོད་མིའི་གྲངས་འབོར་རིམ་འཕེལ
་བྱུང་བསྟུན་ཁོང་ཚོའི་ཆེད་དུ་སྤྱི་འཐུས་ཞབས་སྟེགས་ཁ་སྣོན་དགོས་རྒྱུ་སོགས་དུས་སྐབས་དང་མཐུན་པའི་ལེགས་བཅོས་ཇི་དགོས་ལམ་སྟོན་གནང་སྟེ་ད་ཆ་སྤྱི་འཐུས་ཀྱི་གྲངས་ཚད་དང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་སོགས་གང་ཐད་ནས་སྲ་ཚུགས་ཚད་ལྡན་ཆགས་ཡོད། དེ་མཚུངས་བཀའ་ཤག་གི་གྲུབ་ཆ་དང་བཀའ་བློན་བསྐོ་གཞག་གནང་ཕྱོགས་ལའང་དུས་བསྟུན་ལེགས་བཅོས་རིམ་པར་མཛད་དེ་བཀའ་བློན་ཁྲི་པ་དང་ལོ་ཤས་གོང་ནས་སྲིད་སྐྱོང་དུ་མཚན་བསྒྱུར་གནང་བའི་སྒྲིག་འཛུགས་ཀྱི་འགན་འཛིན་འགོ་འཁྲིད་མི་མང་གིས་ཐད་ཀར་འོས་འདེམས་བྱ་རྒྱུ་བཟོ་གནང་མཛད་པ་མ་ཟད། མཐར་༸གོང་ས་མཆོག་ཉིད་ཀྱི་ཆབ་སྲིད་དང་འཛིན་སྐྱོང་གི་འགན་དབང་ཡོངས་རྫོགས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འགོ་འཁྲིད་ལ་རྩིས་སྤྲོད་མཛད་ཡོད་པ་བཅས་ད་ཆ་ལོ་རྒྱུས་ཀྱི་ཆ་ཤས་སུ་གྱུར་ཟིན་པ་ཚང་མའི་མཁྱེན་གསལ་ལྟར་ཡིན། མདོར་ན། མི་ལོ་ལྔ་བཅུ་ལྷག་ཙམ་ནང་གཞན་ཡུལ་དུ་ཁ་འཐོར་དུ་གནས་དགོས་པ་སོགས་དཀའ་ངལ་གྱི་གནས་སྟངས་དུ་མའི་འོག་གནས་པའི་བཙན་བྱོལ་བའི་སྤྱི་ཚོགས་ཤིག་མཚན་ཉིད་དང་ཆ་ལག་ཡོངས་སུ་ཚང་བའི་མང་གཙོའི་སྤྱི་ཚོགས་ཀུན་གྱིས་བསྟོད་བསྔགས་བྱ་ཡུལ་ཞིག་ཏུ་གྱུར་ཐུབ་ཡོད་པ་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་དང་དབུ་འཁྲིད་ལམ་སྟོན་ཡང་དག་པ་མཛད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས། ད་ལམ་གོ་སྐབས་འདི་བརྒྱུད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་བ་དང་ཆབས་ཅིག་སྙིང་ཐག་པ་ནས་ཐུགས་རྗེ་བཀའ་དྲིན་ལན་བརྒྱར་ཆེ་ཞེས་ཞུ་རྒྱུ་ཡིན།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་མང་གཙོའི་ལམ་དུ་འཁྲིད་གནང་མཛད་པ་དང་། བོད་མིའི་རང་དབང་འཐབ་རྩོད་ཀྱི་རང་བཞིན་འཚེ་མེད་ཞི་བའི་ཐབས་ལམ་ཁོ་ན་ལ་བརྟེན་དགོས་པའི་ལམ་སྟོན་མཐའ་འཁྱོངས་མཛད་པ་ལ་བརྟེན་ནས་བོད་ཀྱི་བདེན་དོན་དང་བོད་མིར་འཛམ་གླིང་ཁྱོན་ཡོངས་ནས་མ་ཟད། རྒྱ་ནག་སྐམ་ས་ཆེན་པོའི་ཤེས་ཡོན་ཅན་དང་རང་བློ་གཟུ་བོར་གནས་པའི་མི་སྣ་མང་པོ་ནས་ཀྱང་རྒྱབ་སྐྱོར་འཐོབ་བཞིན་ཡོད། སྔར་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐུ་དུས་སུ་བོད་མིའི་ཆིག་སྒྲིལ་གྱི་ནུས་པ་ཡང་རྩེར་སོན་ཡོད་པ་དང་འདྲ་བར། ༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་རྨད་བྱུང་ཐུགས་བསྐྱེད་མཛད་བཟང་ལ་བརྟེན་ནས་བོད་ཀྱི་ལོ་རྒྱུས་ནང་གཉན་འཕྲང་ཆེ་ཤོས་ཀྱི་དུས་སྐབས་ཤིག་ཏུ་ཆོལ་གསུམ་བོད་རིགས་ཡོངས་རྫོགས་དང་། བོད་ཀྱི་ཆོས་ལུགས་ཆོས་བརྒྱུད་བཅས་པའི་རྗེས་འཇུག་རྣམས་ནས་ཆོལ་ཁ་དང་ཆོས་བརྒྱུད་སོགས་ཀྱི་དབྱེ་བ་མེད་པར་བོད་སྤྱིའི་བསྟན་སྲིད་རྩ་དོན་ཐོག་དམ་ཚིག་རྡོག་རྩ་གཅིག་སྒྲིལ་བྱས་ཏེ་བོད་མིའི་ཆིག་སྒྲིལ་གྱི་ནུས་ཤུགས་གོང་མཐོར་འཕེལ་བཞིན་ཡོད་པ་ནི་དགའ་སྤོབས་བྱེད་འོས་པ་ཞིག་ཡིན། འོན་ཀྱང་བཙན་བྱོལ་ཁྲོད་དུ་སྐབས་རེ་མང་གཙོའི་རང་དབང་དང་ཐོབ་ཐང་ལ་བསྙད་དེ་ལུང་ཚན་དང་ལྟ་གྲུབ་སོགས་ལ་བརྟེན་པའི་གླེང་གཞི་ཡོང་བཞིན་ཡོད་པ་ནི། བོད་མིའི་ཆིག་སྒྲིལ་དང་རྩ་དོན་འཐབ་རྩོད་ཀྱི་ནུས་ཤུགས་གཉིས་ཀར་གནོད་སྐྱོན་ཆེན་པོ་བཟོ་ངེས་ཡིན་པས། དེ་རིགས་ཇི་བྱུང་བློ་ཕམ་གྱི་རང་བཞིན་ལས་མ་འདས་ཤིང་། སླད་ནས་རང་རིགས་ཚོགས་སྒེར་ཡོངས་ནས་དེ་ཐད་དྲན་ཤེས་བག་ཡོད་བསྟེན་པའི་སྒོ་ནས་རྒྱུན་དུ་ཡིད་གཟབ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་སྙིང་བཅངས་དགོས་པའི་དྲན་བསྐུལ་ནན་པོ་བྱ་རྒྱུ་ཡིན།

སྤྱིར་མང་གཙོའི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་ལྟ་བ་དང་ལངས་ཕྱོགས་མི་འདྲ་བ་མང་པོ་ཡོང་ཆོག་པ་ཞིག་ཡིན་ནའང་། དེ་དག་ལ་བརྟེན་ནས་ནང་ཁུལ་འགལ་ཟླ་དང་། འཁྲུག་རྩོད། ཕྱོགས་སྒྲིལ་བཅས་བྱུང་ན་ཕན་ལས་གནོད་ཚབས་ཆེ་བ་འགྱུར་ངེས་ཡིན་པ་འགྲེལ་བཤད་མི་དགོས་པ་ཞིག་རེད། དེ་བཞིན་མང་གཙོའི་ལམ་ལུགས་ནང་ཐོབ་ཐང་དང་འགན་འཁུར་གཉིས་ནི་ཊམ་ཀ་གཅིག་གི་ངོས་གཉིས་ལྟར་ཕན་ཚུན་ཡ་མ་བྲལ་བར་འགྲོ་དགོས་པ་ལས། འགན་འཁུར་རྩ་བ་ནས་མི་དགོས་པའི་སྨྲ་བརྗོད་རང་དབང་སོགས་ཀྱི་ཐོབ་ཐང་ལོངས་སྤྱོད་བྱེད་རློམ་གྱིས་སྐད་འཕྲིན་ཟེར་བ་སོགས་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཁུངས་མེད་དཀྲོགས་གཏམ་སྤེལ་བ་དང་། གཞི་མེད་སྐྱོན་འཛུགས་བྱེད་པ། ནང་ཁུལ་འཁྲུག་རྐྱེན་བཟོ་བ་སོགས་ནི་ཁྲིམས་ལུགས་དང་བཟང་སྤྱོད་གཉིས་ཀ་དང་ཡོངས་སུ་འགལ་བ་མ་ཟད། དགྲ་བོ་དང་དགྲ་བོའི་རྒྱུགས་ཁྱི་ཚོགས་སྒེར་རྣམས་ལ་དགོས་པའི་གལ་ཆེའི་ལག་ཆར་འགྱུར་ངེས་ཡིན་པས། རང་རིགས་རྒན་གཞོན་སུ་ཐད་ནས་དགྲ་དགའ་གཉེན་སྡུག་གི་བྱ་སྤྱོད་དེ་རིགས་ལ་ཡིད་གཟབ་དང་བླང་དོར་འཛོལ་མེད་གནང་དགོས་པའི་སྐུལ་འདེབས་དང་བརྡ་སྟོན་ནན་པོ་བྱ་རྒྱུ་ཡིན།

ཕྱི་ལོ་ ༡༩༤༩ ལོར་རྒྱ་དམག་བོད་ལ་བཙན་འཛུལ་བྱས་པ་ནས་བཟུང་བོད་མིའི་ཐོག་བཙན་དབང་དྲག་གནོན་རྒྱུན་མར་བྱས་པ་ལ་བརྟེན་ནས་བོད་མི་འབུམ་ཕྲག་མང་པོའི་ཚེ་སྲོག་ཤོར་ཡོད་པ་དང་། ལྷག་པར་བོད་མིའི་གཞི་རྩའི་རང་དབང་དང་མངོན་འདོད་ཁག་ལ་བརྩི་མེད་རྡོག་རོལ་མུ་མཐུད་བཏང་བ་ལ་བརྟེན་ནས་ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་ས་ཡོངས་ནས་བོད་མི་ ༡༤༩ ཡིས་གཞན་ལ་དྲག་སྤྱོད་དང་འཚེ་བའི་རིགས་གང་ཡང་མ་བྱས་པར་རང་ལུས་མེར་བསྲེགས་དང་འབྲེལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་ཞུ་དགོས་པ་དང་། བོད་མི་ཚོར་རང་དབང་དགོས་པ་སོགས་བོད་མི་སྤྱིའི་མངོན་འདོད་གསལ་བཏོན་གནང་ཡོད། རྒྱ་གཞུང་གི་ཕྱོགས་ནས་བོད་མིའི་ཡ་ང་བའི་ཞི་རྒོལ་དེ་དག་ལ་བསམ་ཤེས་ལྡན་པའི་སྒོ་ནས་ཡ་ལན་བྱ་རྒྱུའི་ཚབ་ཏུ་ཞི་རྒོལ་བ་དེ་དག་གི་ཉེ་འབྲེལ་ལྟོས་བཅས་རྣམས་ལ་བཙན་དབང་དང་དྲག་གནོན་ཁོ་ན་བྱས་ཡོད་པ་ནི་ཤིན་ཏུ་བློ་ཕམ་དགོས་པའི་བྱ་སྤྱོད་ཐ་ཤལ་ཞིག་རེད།

བཀའ་ཤག་གི་ངོས་ནས་བོད་མིའི་རྩ་དོན་ཆེད་རང་གི་ལུས་སྲོག་བློས་བཏང་གནང་མཁན་བོད་མི་ཡོངས་ཀྱི་སྙིང་སྟོབས་དང་ལྷག་བསམ་ལ་གུས་བཏུད་དང་བསྔགས་བརྗོད་མུ་མཐུད་ཞུ་རྒྱུ་ཡིན་ནའང་། སྤྱིར་མིའི་ཚེ་སྲོག་དང་བྱེ་བྲག་བོད་མིའི་ཚེ་སྲོག་ལ་རིན་ཐང་གཏན་ནས་མི་བརྩི་བའི་དམར་པོའི་སྲིད་གཞུང་ཞིག་ལ་ཤིན་ཏུ་རིན་ཐང་ཆེ་བའི་བོད་མིའི་སྲོག་མཆོད་རྒྱུན་འབུལ་བྱེད་པ་དེའི་གནས་སྟངས་གང་ཅི་བསྐྱར་ཞིབ་ཕྱོགས་བསྡོམས་བྱས་དོན། སླད་ཕྱིན་ཆད་གཞིས་བྱེས་གཉིས་འཁོད་བོད་མི་རྣམས་ནས་རང་ལུས་མེར་སྲེག་རྩ་བ་ནས་མ་གནང་རོགས་ཞེས་འབོད་སྐུལ་བསྐྱར་ནན་ཞུ་རྒྱུ་ཡིན། ལྷག་པར་བཙན་བྱོལ་བོད་མི་རྣམས་ནས་རང་དབང་གི་ཁོར་ཡུག་དང་རང་གི་རྣམ་དཔྱོད་མཁོ་སྤྱོད་བྱས་ཏེ། བོད་དང་བོད་མིའི་འཕྲལ་ཕུགས་རྒྱང་གསུམ་ལ་ཕན་པའི་ལས་དོན་དང་ལས་འགུལ་གང་འདྲ་ཞིག་སྤེལ་འདོད་ཀྱང་སྤེལ་རྒྱུའི་གོ་སྐབས་དང་མཐུན་རྐྱེན་ཡོད་པས། དེ་དག་ཐོག་ནུས་རྩལ་གང་ཡོད་འདོན་ཐབས་གནང་བ་ལས། རང་ཉིད་གསོན་སྲེག་གནང་རྒྱུའི་དགོངས་པ་རྩ་བ་ནས་མ་བཞེས་རོགས་ཞེས་དམིགས་བསལ་འབོད་སྐུལ་ཞུ་རྒྱུ་ཡིན། སྤྱིར་ལས་འགུལ་གང་འདྲ་ཞིག་སྤེལ་ཡང་འཚེ་མེད་ཞི་བ་དང་། ཁྲིམས་མཐུན། ཆེ་མཐོང་དང་ལྡན་པ་བཅས་ཁྱད་ཆོས་གསུམ་ལྡན་དགོས་སྐོར་སྔོན་དུ་ལན་མང་ཞུས་ཟིན་ལྟར་སླར་ཡང་དྲན་བསྐུལ་ཞུ་རྒྱུ་ཡིན།

ད་ལམ་གོ་སྐབས་འདི་བརྒྱུད་བཀའ་ཤག་ནས་བོད་མི་སྤྱིར་འབོད་བསྐུལ་གྲོས་འདེབས་རེ་ཟུང་ཞུ་འདོད་བྱུང་། བོད་ཀྱི་སྲོལ་རྒྱུན་གོམས་གཤིས་ནང་ཡར་དཀོན་མཆོག་ལ་མཆོད་པ་འབུལ་བ་དང་མར་ངན་སློང་ལ་སྦྱིན་པ་གཏོང་བ་སོགས་གོམས་སྲོལ་བཟང་པོ་ཁག་ཅིག་ཡོད་མུས་ཐོག རང་གི་རྒྱུ་ནོར་བེད་སྤྱོད་གཏོང་ཕྱོགས་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་སློབ་དང་མཐུན་པར་སོ་སོའི་འཕྲོད་བསྟེན་དང་བྱ་བཞག་ལ་གནོད་གཞིའི་བག་མེད་ལོངས་སྤྱོད་རིགས་དང་། ཡང་རྒྱུ་ངོམས་སོགས་སླད་རང་ཉིད་ཀྱི་དགོས་གལ་ལས་ལྷག་པའི་རིན་ཐང་ཅན་གྱི་རྒྱུ་དངོས་ཉོ་སྒྲུབ་བདག་སྐྱོང་གི་ཆེད་དུ་མི་གཏོང་བར། སོ་སོའི་ཁྱིམ་ཚང་གི་འཕྲོད་བསྟེན་དང་། རྒྱུད་འཛིན་བུ་ཚ་རྣམས་ཀྱི་ཤེས་ཡོན་སློབ་སྦྱོང་། རང་རིགས་ཉམ་ཐག་རྣམས་ཀྱི་ལྟ་སྐྱོང་ལས་གཞི་བཅས་ཀྱི་ཐོག་གང་ཐུབ་གཏོང་ཐབས་གནང་རྒྱུ་གལ་ཆེན་ཡིན། དེའི་རྒྱུ་མཚན་ནི་ཤེས་ཡོན་དང་འཕྲོད་བསྟེན་གཉིས་ཀྱིས་ཕོངས་པའི་མི་རིགས་ནི་གཞན་གྱིས་རྩ་མེད་བཟོ་མི་དགོས་པར་རང་གི་ངང་གིས་རྩ་མེད་འགྲོ་རྒྱུ་ཡིན་པ་དང་། རྒྱ་ནག་དམར་པོའི་སྲིད་གཞུང་ནས་མངོན་གསལ་དང་མངོན་མེད་ཅི་རིགས་བརྒྱུད་བོད་མིའི་ཐོག་དེ་ལྟའི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་བཞིན་ཡོད་པའང་ཤེས་དགོས། དེར་བརྟེན་གཞིས་བཞུགས་སྤུན་ཟླ་རྣམས་ནས་བོད་མི་རིགས་ཀྱི་བླ་སྲོག་ལྟ་བུའི་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པ་གཙོ་གྱུར་བོད་ཀྱི་རིག་གནས་ཁག་ལ་སློབ་གཉེར་ངེས་པར་གནང་ཐོག རྒྱ་ནག་གི་སྐད་ཡག་དང་ཁྲིམས་ལུགས་བཅས་ལའང་སློབ་སྦྱོང་གནང་སྟེ། བོད་མི་རིགས་ཀྱི་བདེན་དོན་དང་ཁྲིམས་མཐུན་ཐོབ་ཐང་ཁག་རྩོད་སྒྲུབ་ཐུབ་པ་དགོས་རྒྱུ་ཤིན་ཏུ་གལ་ཆེན་ཡིན། གཞན་ཡང་རང་རིགས་གཞིས་བྱེས་མི་རབས་རྒན་པ་རྣམས་ནས་སོ་སོའི་རྒྱུད་འཛིན་བུ་ཚ་རྣམས་དང་འགྲོག་འདྲིས་ཀྱི་དུས་ཚོད་འདང་ངེས་གཏོང་ཐབས་གནང་སྟེ་བོད་མི་རིགས་ཀྱི་གོམས་གཤིས་བཟང་པོ་རྣམས་མི་རབས་གཞོན་པ་ཚོར་འཇགས་ཐབས་གནང་རྒྱུའང་ཤིན་ཏུ་གལ་ཆེན་ཡིན་པ་བཅས་གོང་ཞུས་དོན་ཚན་ཁག་ལ་ཐུགས་སྣང་ཉམས་བཞེས་གང་ཟབ་ཡོང་བའི་དམིགས་བསལ་སྐུལ་འདེབས་ཞུ་རྒྱུ་ཡིན།

རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་གཉིས་ཀྱི་ནང་མི་རིགས་སོ་སོའི་སྐད་ཡིག་བེད་སྤྱོད་དང་དར་རྒྱས་གཏོང་ཆོག་པ་དང་། ཆོས་དད་རང་དབང་ཡོད་སྐོར་གསལ་བཀོད་བྱས་ཡོད་ཀྱང་། རིག་གནས་གསར་བརྗེ་ཟེར་བའི་སྨྱོ་སྤྱོད་ཀྱི་རྩ་བའི་སྲིད་བྱུས་དེ་བོད་དང་བོད་མིའི་ཐོག་ད་དུང་ལག་བསྟར་བྱེད་མཚམས་བཞག་མེད། དེའི་དཔེ་མཚོན་གསལ་ཤོས་ནི་གསེར་རྟ་བླ་རུང་སྒར་དང་ཡ་ཆེན་སྒར་གཉིས་སུ་གྲྭ་བཙུན་གྱི་གྲངས་ཆར་ཚད་བཀག་བཟོས་ཏེ་གདན་ས་དེ་གཉིས་ནས་བཙན་དབང་གིས་གྲྭ་བཙུན་སྟོང་ཕྲག་མང་པོ་ཕྱིར་འབུད་དང་གྲྭ་བཙུན་གྱི་སྡོད་ཁང་སྟོང་ཕྲག་བརྒལ་བ་གཏོར་བཤིག་བཏང་དང་གཏོང་བཞིན་ཡོད་པ་དེ་ཡིན་ཞིང་། དེ་དག་ལས་བོད་མི་ཚོར་ཆོས་དད་རང་དབང་དང་སྒེར་གྱི་འགྲོ་འདུག་སྤྱོད་གསུམ་དང་མི་ཚེའི་མདུན་ལམ་གྱི་རང་དབང་གི་གནས་བབ་ཇི་འདྲ་ཡོད་མེད་གསལ་པོར་རྟོགས་ཐུབ།

དེ་འདྲའི་དཔེ་མཚོན་གཞན་ཞིག་ནི། འཇར་མ་ནིའི་སྐུ་ཞབས་མ་ Sabriye Tenberken ནས་མི་ལོ་ ༡༩ གོང་དུ་ལྷ་སར་ལོང་བའི་སློབ་གྲྭ་ཞིག་བཙུགས་ཏེ་ལྟ་སྐྱོང་བྱས་སྐབས་རྒྱ་གཞུང་ནས་བསྔགས་བརྗོད་དང་གཟེངས་རྟགས་མང་པོ་སྤྲད་ཡོད་ཀྱང་། ཉེ་སྔོན་སློབ་གྲྭ་དེར་ནུབ་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ལུགས་བརྗོད་དེ་གཟེངས་རྟགས་སྤྲོད་ཡུལ་ཁོང་མོ་བོད་དུ་ཡོང་རྒྱུའི་ཐོངས་མཆན་བཀག་པ་དང་བོད་མིར་ཕན་ཐོགས་གང་ལེགས་ཡོད་པའི་སློབ་གྲྭ་དེ་སྒོ་རྒྱག་དགོས་པའི་བཀའ་རྒྱ་བཏང་ཡོད་འདུག་པ་ནི། འགྲོ་བ་མི་སྤྱོད་དང་དམིགས་བསལ་ལྟ་སྐྱོང་དགོས་པའི་ཕྲུ་གུའི་གནད་དོན་ཐོག་ཐུགས་སྣང་ཅན་མང་པོར་ཡིད་ཆེས་མི་ཐུབ་པའི་ཡ་མཚན་དང་བློ་ཕམ་སྐྱེ་ཡུལ་ཞིག་ཏུ་གྱུར་ཡོད།

འདི་ལོ་ཕྱི་ཟླ་ ༣ ཙམ་ནས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་“སྣང་ཆེན་བཞི་དང་དགའ་ཞེན་བཞིའི་སློབ་གསོ་”ཟེར་བ་སྤེལ་འགོ་བཙུགས་ཡོད་པ་དང་། “མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱེད་པ་”ཟེར་བའི་ལས་དོན་འོག་ནས་ཁ་བྲལ་ལ་ངོ་རྒོལ་དང་༸གོང་ས་མཆོག་ལ་མཚན་སྨོད་ཞུ་ཤུགས་ཆེ་རུ་བཏང་ཡོད་འདུག རྒྱ་གཞུང་གི་དབང་འཛིན་པ་ཚོས་བོད་རྒྱའི་དཀའ་རྙོག་སེལ་འདོད་ཡོད་ཚེ་༸གོང་ས་མཆོག་ལ་ཁ་བྲལ་བའི་མཚན་སྨོད་ཞུ་མཚམས་འཕྲལ་དུ་འཇོག་དགོས། རྒྱུ་མཚན་ནི་གཟུར་གནས་རྒྱལ་སྤྱིའི་མཁས་དབང་དང་ཆེས་མཐོའི་དབུ་འཁྲིད་མང་པོས་ངོས་འཛིན་གསལ་པོ་གནང་ཡོད་པ་ལྟར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་རྒྱའི་དཀའ་རྙོག་སེལ་བྱེད་ཀྱི་ལྡེ་མིག་ལྟ་བུ་དེར་གྱུར་ཡོད་པ་ལས། དེའི་དགག་རྡོ་ལྟ་བུའི་འགལ་རྐྱེན་གཏན་ནས་མིན་པས། རྒྱ་གཞུང་ནས་དེ་ལྟར་ངོས་འཛིན་གསལ་པོ་དང་དུས་ཚོད་དམ་འཛིན་བྱས་པའི་སྒོ་ནས་བོད་དོན་འགྲིག་འཇགས་གང་མྱུར་ཡོང་སླད་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་འགོ་འཛུགས་དགོས་པར་ད་རེས་སླར་ཡང་ནན་བརྗོད་དང་སྐུལ་འདེབས་བྱ་རྒྱུ་ཡིན། འདི་ལོའི་ལོ་སྨད་དུ་རྒྱ་ནག་ཏང་གི་ཚོགས་ཆེན་ ༡༩ པའི་སྐབས་འགོ་འཁྲིད་འཕོ་འགྱུར་ཟིན་རྗེས་བོད་དོན་ཐོག་གྲོས་མོལ་འགོ་འཛུགས་ཡོང་བའི་རེ་བ་བྱེད་བཞིན་ཡོད། བཀའ་ཤག་གི་ངོས་ནས་༸གོང་ས་མཆོག་ནས་འདོན་གནང་མཛད་པའི་གཉིས་སྨན་དབུ་མའི་ལམ་གྱི་ཐབས་བྱུས་རྒྱུན་སྐྱོང་ཐོག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཁོ་ན་རྩོད་སྒྲུབ་བྱ་རྒྱུ་ཡིན་ཞེས་བསྐྱར་བརྗོད་བྱ་རྒྱུ་ཡིན།

འདས་པའི་མི་ལོ་ ༥༨ ལྷག་གི་རིང་རྒྱ་གར་དབུས་སའི་གཞུང་དང་མི་མང་གིས་གཙོས་པའི་བོད་མིའི་རྩ་དོན་དང་ཆོས་རིག་རྒྱུན་འཛིན་ཐོག་དངོས་ཤུགས་བརྒྱུད་གསུམ་ནས་རོགས་སྐྱོར་གནང་མཁན་རྒྱལ་སྤྱིའི་གཞུང་མང་ཚོགས་སྒེར་ཡོངས་ལ་གོ་སྐབས་འདི་བརྒྱུད་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། བོད་དོན་བདེན་མཐའ་མ་གསལ་བར་དུ་རྒྱབ་སྐྱོར་མུ་མཐུད་ཡོང་བའི་རེ་བ་དང་ཡིད་ཆེས་ཡོད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉེ་སྔོན་ལ་དྭགས་ཁུལ་དུ་བསྟན་འགྲོའི་མཛད་དོན་རྒྱ་ཆེར་བསྐྱངས་སྐབས་མཛད་བྲེལ་ཧ་ཅང་ཆེས་རྐྱེན་སྐུ་ཐང་ཆད་དེ་ཨ་ཕི་རི་ཀའི་རྒྱལ་ཁབ་བོཊ་སེ་ཝཱ་ནར་ཆིབས་བསྒྱུར་བསྐྱང་རྒྱུའི་མཛད་འཆར་ཕྱི་བཤོལ་གནང་དགོས་བྱུང་ཡོད་པ་ནི། སྐུ་ངལ་གསོ་བཞེས་གནང་ཆེད་ཁོ་ན་ཡིན་པ་ལས་རྒྱུ་མཚན་གཞན་གང་ཡང་མེད་པས། གཞིས་བྱེས་བོད་མི་རྣམས་དང་༸གོང་ས་མཆོག་ལ་དད་གུས་དགའ་མོས་ཞུ་མཁན་ཚང་མར་ཐུགས་གཡེང་གནང་དགོས་མེད་ཅེས་ཞུ་རྒྱུ་ཡིན།

མཐའ་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཁའ་ཁྱབ་སྐྱེ་འགྲོ་ཡོངས་དང༌། ཁྱད་པར་གང་གི་གདུལ་ཞིང་དུ་བདག་གིར་བཞེས་པའི་བདག་ཅག་གངས་ཅན་པ་རྣམས་ཀྱི་མགོན་དཔུང་དམ་པར་སྐུ་ཚེ་༸རྒྱལ་བ་ཚེ་མཐའ་ཡས་པའི་ངོ་བོར་བརྟན་པ་དང༌། ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པ། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་བཅས། བཀའ་ཤག་གིས། བོད་རྒྱལ་ལོ་ ༢༡༤༤ ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༠༢ ལ།། །།​