དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལ་ཏ་ཀ་སུ་གཟེངས་རྟགས་འབུལ་ལམ་ཞུས་པ།

༢༠༡༧ ཟླ་ ༡༠ ཚེས་ ༤ རེས་གཟའ་ལྷག་པ། ༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༤ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༤ ཐོག་གངས་སྐྱིད་ལས་བྱེད་ཚོགས་ཁང་གསར་པའི་ནང་ཉི་ཧོང་ཏ་ཀ་སུ་ཐེབས་རྩ་ནས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལ་བོད་མིའི་རྩ་དོན་དང་ཤེས་ཡོན་ལ་རྒྱབ་སྐྱོར་མཚོན་ཆེད་ཏ་ཀ་སུ་གཟེངས་རྟགས་ཞེས་པ་འབུལ་ལམ་ཞུས་ཡོད།  སྐབས་དེར་ཉི་ཧོང་སྨན་པ་སྐུ་ཞབས་ཏ་ཀ་སུ་གཏན་ཞལ་རྣམ་གཉིས་ཀྱིས་གཙོས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་།  བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ།  རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་ཡོངས་ཚང་འཛོམས་ཀྱི་ཐོག་མར་བཀའ་དྲུང་སྟོབས་རྒྱལ་ཚེ་རིང་ལགས་ཀྱིས་ངོ་སྤྲོད་གསུངབཤད་གནང་དོན།  སྨན་པ་ཏ་ཀ་སུ་ནི་ཉི་ཧོང་ནང་སྙན་གྲགས་ཆེ་བའི་སྨན་པ་ཞིག་རེད།  ཁོང་རང་སྒེར་གྱི་ཐེབས་རྩའང་བཙུགས་ཡོད།  དེ་སྔ་ཕྱི་ལོ་ ༢༠༡༤ ལོར་དཔལ་ལྡན་སྲིད་སྐྱོང་མཆོག་ཉི་ཧོང་ནང་ཕེབས་སྐབས་ཕན་ཚུན་འབྲེལ་བ་བྱུང་ནས་ཤེས་རིག་ལས་ཁུངས་ལ་ང་ཚོའི་ན་གཞོན་ཚོའི་སློབ་ཡོན་ཐོག་ལ་རོགས་རམ་གནང་རྒྱུ་ཡིན་ཞེས་སྐབས་དེར་ཁོང་གིས་ཁས་ལེན་གནང་ཡོད། སྐབས་དེར་ཕྱི་ལོ་ ༢༠༡༤ ལོར་ཤེས་རིག་ལས་ཁུངས་ལ་རྒྱ་གར་སྒོར་འབུམ་ ༨༣ ལྷག་ཙམ་མ་རྩ་བཙུགས་གནང་ནས་སྐྱེད་བབ་ཐོག་ནས་ལོ་རེར་སློབ་ཕྲུག་ཚོར་སློབ་ཡོན་འབུལ་རྒྱུའི་རོགས་རམ་གནང་ཡོད།  ཉེ་ཆར་ཤེས་རིག་ལས་ཁུངས་ལ་ཧི་མཱ་ཅལ་མངའ་སྡེ་གཞུང་ནས་ཧ་ཅང་བཀའ་དྲིན་ཆེན་པོའི་ཐོག་ནས་སྨན་པའི་ཞབས་སྟེགས་འཕར་མ་གནང་ཡོད། ད་ལྟའི་ཆར་ལོ་འདིར་སློབ་ཕྲུག་གསར་པ་གྲངས་བརྒྱད་ཡོད། དེ་དག་ཁྲོད་ནས་སློབ་ཕྲུག་གྲངས་གསུམ་གྱི་སློབ་ཡོན་ཤེས་རིག་ལས་ཁུངས་ནས་སྦྱར་དགོས་ཀྱི་ཡོད། དེ་དང་འབྲེལ་བའི་ཐོག་ནས་སྨན་པ་ཏ་ཀ་སུ་འདིར་ཕེབས་པའི་ཞོར་དུ་དཔལ་ལྡན་སྲིད་སྐྱོང་མཆོག་ལ་གཟེངས་རྟགས་འདི་འབུལ་བཞེས་གནང་བའི་རྗེས་ལ་ཤེས་རིག་ལས་ཁུངས་ཀྱི་མཛད་གཙོ་རྣམ་པ་དང་བཀའ་མོལ་གནང་སྟེ་སྨན་པའི་སློབ་སྦྱོང་བྱེད་མཁན་ཚོར་སློབ་ཡོན་གནང་རྒྱུའི་ཞལ་བཞེས་ཐོབ་ནས་ད་ལྟ་བཀའ་མོལ་འགྲོ་བཞིན་པ་རེད། ཅེས་ཞུ་རྒྱུ་ཡིན། རྩ་བའི་དེ་རིང་མཛད་སྒོ་འདི་བཀའ་དྲུང་ཡིག་ཚང་ནས་གོ་སྒྲིག་ཞུས་པ་རེད་མ་གཏོགས་གཞི་རྩའི་མཛད་སྒོའི་བྱུང་རིམ་དང་། འགྲོ་སོང་ལ་སོགས་པ་ཏ་ཀ་སུ་ཐེབས་རྩ་ནས་བཏང་བ་རེད།  དེ་བཞིན་སྨན་པ་ཏ་ཀ་སུ་མཆོག་གིས་དཔལ་ལྡན་མཛད་གཙོ་རྣམ་པ་དང་སྲི་ཞུ་བ་ཡོངས་ལ་ཆེ་བསྟོད་ཞུ་སླད་ཉིན་གུང་གསོལ་སྟོན་རྒྱས་པ་ཞིག་ཀྱང་འདེགས་འབུལ་ཞུས་པ་མ་ཟད།  ད་ལྟ་གཟེངས་རྟགས་ཀྱི་མཛད་སྒོ་གྲུབ་རྗེས་གསོལ་ཇ་ཞལ་ཏོག་ཞིག་ཀྱང་གོ་སྒྲིག་གནང་བ་དེ་དག་ཀྱང་ཏ་ཀ་སུ་ཐེབས་རྩ་ནས་རེད།  ཅེས་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས་སྨན་པ་སྐུ་ཞབས་ཏ་ཀ་སུ་མཆོག་གིས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་ཏ་ཀ་སུ་གཟེངས་རྟགས་འབུལ་ལམ་ཞུས་ཡོད་པ་བཅས།།

བོད་མིའི་མང་གཙོ་དབུ་བརྙེས་ཏེ་མི་ལོ་ ༥༧ འཁོར་བ།

བོད་མིའི་མང་གཙོ་དབུ་བརྙེས་ཏེ་མི་ལོ་ ༥༧ འཁོར་བའི་དུས་ཆེན་མཛད་སྒོའི་ཐོག་བཀའ་ཤག་གིས་གནང་བའི་གསུང་བཤད། ༄༅། །༸རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག ཁམས་གསུམ་ཆོས་ཀྱི་རྒྱལ་པོ། འཇིག་རྟེན་ཞི་བདེའི་དེད་དཔོན། བོད་ཀྱི་ལྷ་སྐལ་འཕགས་མཆོག་འཇིག་རྟེན་དབང་ཕྱུག་མིའི་རྣམ་པར་རོལ་བ། བོད་མི་ཡོངས་ཀྱི་མགོན་སྐྱབས་དང་དབུ་འཁྲིད་བླ་ན་མེད་པ། བོད་མིའི་མང་གཙོའི་ཤིང་རྟའི་སྲོལ་འབྱེད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་བཏང་སྟེ། ད་རིང་བོད་མིའི་མང་གཙོ་དབུ་བརྙེས་ཏེ་མི་ལོ་ ༥༧ འཁོར་བའི་དུས་ཆེན་གྱི་ཉིན་མོ་འདིར་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ངོས་ནས་གཞིས་བྱེས་བོད་མི་ཡོངས་དང་། བོད་དང་བོད་མིར་རྒྱབ་སྐྱོར་དང་རོགས་མགོན་གནང་མཁན་ཕྱི་ནང་ཚོགས་སྒེར་ཡོངས་ལ་སྤྲོ་སེམས་ཆེན་པོས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་གཞི་དང་ལམ་སྟོན་གཞིར་བཟུང་ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་བོད་མིའི་མང་གཙོ་ཐོག་མར་དབུ་བརྙེས་ཤིང་། ༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནས་སྐུ་ན་ཕྲ་དུས་ནས་བོད་ཀྱི་སྤྱི་ཚོགས་ལམ་སྲོལ་ལ་དུས་དང་འཚམས་པའི་སྒྱུར་བཅོས་དགོས་གལ་གཟིགས་ཏེ། ཕྱི་ལོ་ ༡༩༥༡ ལོར་བོད་རྒྱལ་ཁབ་ཆེན་པོའི་ལུགས་གཉིས་ཐུགས་འགན་བཞེས་འཕྲལ་ལེགས་བཅོས་ལས་ཁུངས་ཟུར་འཛུགས་གནང་བས་མཚོན་ཐུགས་བརྩོན་ཆེན་པོ་གནང་ཡོད་རུང་། རྒྱ་དམར་གྱི་དབང་ཤུགས་དང་དྲག་གནོན་ཇེ་ཆེར་སོང་བ་སོགས་ཕྱི་ནང་འགལ་རྐྱེན་དུ་མའི་དབང་གིས་ཐུགས་བཞེད་ཇི་བཞིན་མ་འགྲུབ་ཁར། གནས་སྟངས་རིམ་པས་ཇེ་ཞན་ཇེ་སྡུག་ཏུ་སོང་སྟེ་མཐར་ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཕེབས་དགོས་གྱུར་པ་དང་། བཙན་བྱོལ་དུ་ཕེབས་འཕྲལ་བོད་མིའི་རང་དབང་སླར་གསོ་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང། སྐད་ཡིག ཡ་རབས་གོམས་གཤིས། མི་རིགས་བཅས་རྩ་བརླག་མི་འགྲོ་སླད། རྒྱ་གར་དུ་བཙན་བྱོལ་བོད་གཞུང་གི་རྟེན་གཞི་གསར་འཛུགས་དང་། དེ་བཞིན་གཏན་ཉིན་སློབ་གྲྭ་ཁག སོ་ནམ་དང་བཟོ་ལས་གཞིས་ཆགས་ཁག ཆོས་སྡེ་གདན་ས་ཁག གཞན་ཡང་མཐོ་སློབ་དང་རིག་གཞུང་ཚོགས་སྡེ་བཅས་གསར་འཛུགས་མཛད་པའི་སྒོ་ནས་བོད་དང་བོད་མིའི་རྩ་དོན་ཐོག་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་ཀྱིས་རླབས་ཆེའི་མཛད་འཕྲིན་ཇི་ལྟར་བསྐྱངས་ཡོད་མེད་ཚང་མའི་དགོངས་མངའ་ལྟར་ཡིན། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་མང་གཙོའི་ལམ་ཕྱོགས་སུ་འཁྲིད་གནང་མཛད་ཐོག སྒྲིག་འཛུགས་དང་འཛིན་སྐྱོང་གི་སྒྲོམ་གཞིར་དུས་བསྟུན་ལེགས་བཅོས་དང་ཡར་རྒྱས་གཏོང་གནང་མཛད་ཡོད། དེ་ཡང་བོད་དང་བོད་མི་སྤྱི་ཡོངས་ཀྱི་གནས་སྟངས་ལ་གཞིགས་ཏེ་ཆོལ་ཁ་གསུམ་དང་ཆོས་ལུགས་ཆོས་བརྒྱུད་ཀྱི་ངོ་ཚབ་མཚོན་པའི་མི་མང་གི་སྤྱི་འཐུས་བསྐོ་འདེམས་བྱེད་སྲོལ་གཏོད་པའི་སྒོ་ནས་བོད་མིའི་མང་གཙོའི་ཤིང་རྟའི་སྲོལ་འབྱེད་མཛད་ཡོད། ཕོ་མོ་འདྲ་མཉམ་གྱི་ལྟ་བ་ལག་ལེན་དོན་ཁེལ་སླད་བུད་མེད་ཀྱི་ཆེད་དུ་སྤྱི་འཐུས་ཞབས་སྟེགས་ཟུར་བཅད་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་བོད་མིའི་གྲངས་འབོར་རིམ་འཕེལ ་བྱུང་བསྟུན་ཁོང་ཚོའི་ཆེད་དུ་སྤྱི་འཐུས་ཞབས་སྟེགས་ཁ་སྣོན་དགོས་རྒྱུ་སོགས་དུས་སྐབས་དང་མཐུན་པའི་ལེགས་བཅོས་ཇི་དགོས་ལམ་སྟོན་གནང་སྟེ་ད་ཆ་སྤྱི་འཐུས་ཀྱི་གྲངས་ཚད་དང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་སོགས་གང་ཐད་ནས་སྲ་ཚུགས་ཚད་ལྡན་ཆགས་ཡོད། དེ་མཚུངས་བཀའ་ཤག་གི་གྲུབ་ཆ་དང་བཀའ་བློན་བསྐོ་གཞག་གནང་ཕྱོགས་ལའང་དུས་བསྟུན་ལེགས་བཅོས་རིམ་པར་མཛད་དེ་བཀའ་བློན་ཁྲི་པ་དང་ལོ་ཤས་གོང་ནས་སྲིད་སྐྱོང་དུ་མཚན་བསྒྱུར་གནང་བའི་སྒྲིག་འཛུགས་ཀྱི་འགན་འཛིན་འགོ་འཁྲིད་མི་མང་གིས་ཐད་ཀར་འོས་འདེམས་བྱ་རྒྱུ་བཟོ་གནང་མཛད་པ་མ་ཟད། མཐར་༸གོང་ས་མཆོག་ཉིད་ཀྱི་ཆབ་སྲིད་དང་འཛིན་སྐྱོང་གི་འགན་དབང་ཡོངས་རྫོགས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འགོ་འཁྲིད་ལ་རྩིས་སྤྲོད་མཛད་ཡོད་པ་བཅས་ད་ཆ་ལོ་རྒྱུས་ཀྱི་ཆ་ཤས་སུ་གྱུར་ཟིན་པ་ཚང་མའི་མཁྱེན་གསལ་ལྟར་ཡིན། མདོར་ན། མི་ལོ་ལྔ་བཅུ་ལྷག་ཙམ་ནང་གཞན་ཡུལ་དུ་ཁ་འཐོར་དུ་གནས་དགོས་པ་སོགས་དཀའ་ངལ་གྱི་གནས་སྟངས་དུ་མའི་འོག་གནས་པའི་བཙན་བྱོལ་བའི་སྤྱི་ཚོགས་ཤིག་མཚན་ཉིད་དང་ཆ་ལག་ཡོངས་སུ་ཚང་བའི་མང་གཙོའི་སྤྱི་ཚོགས་ཀུན་གྱིས་བསྟོད་བསྔགས་བྱ་ཡུལ་ཞིག་ཏུ་གྱུར་ཐུབ་ཡོད་པ་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་དང་དབུ་འཁྲིད་ལམ་སྟོན་ཡང་དག་པ་མཛད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས། ད་ལམ་གོ་སྐབས་འདི་བརྒྱུད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་བ་དང་ཆབས་ཅིག་སྙིང་ཐག་པ་ནས་ཐུགས་རྗེ་བཀའ་དྲིན་ལན་བརྒྱར་ཆེ་ཞེས་ཞུ་རྒྱུ་ཡིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་མང་གཙོའི་ལམ་དུ་འཁྲིད་གནང་མཛད་པ་དང་། བོད་མིའི་རང་དབང་འཐབ་རྩོད་ཀྱི་རང་བཞིན་འཚེ་མེད་ཞི་བའི་ཐབས་ལམ་ཁོ་ན་ལ་བརྟེན་དགོས་པའི་ལམ་སྟོན་མཐའ་འཁྱོངས་མཛད་པ་ལ་བརྟེན་ནས་བོད་ཀྱི་བདེན་དོན་དང་བོད་མིར་འཛམ་གླིང་ཁྱོན་ཡོངས་ནས་མ་ཟད། རྒྱ་ནག་སྐམ་ས་ཆེན་པོའི་ཤེས་ཡོན་ཅན་དང་རང་བློ་གཟུ་བོར་གནས་པའི་མི་སྣ་མང་པོ་ནས་ཀྱང་རྒྱབ་སྐྱོར་འཐོབ་བཞིན་ཡོད། སྔར་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐུ་དུས་སུ་བོད་མིའི་ཆིག་སྒྲིལ་གྱི་ནུས་པ་ཡང་རྩེར་སོན་ཡོད་པ་དང་འདྲ་བར། …

རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་དགའ་ལྡན་ཁྲི་པའི་ཁྲི་ལ་མངའ་གསོལ།

ཟླ་འདིའི་ཚེས་༤ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཊི་རུ་རྟེན་གཞི་བྱས་པའི་དགའ་ལྡན་ཚོགས་ཆེན་དང་དགའ་ལྡན་ཁྲི་ཐོག་ཁང་གཉིས་ཀྱི་ནང་དུ། དགའ་ལྡན་ཁྲི་ཐོག་༡༠༤ པ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་དགའ་ལྡན་ཁྲི་པའི་ཁྲི་ལ་མངའ་གསོལ་གྱི་མཛད་སྒོ་འཚོགས་ཡོད་པ་རེད། དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ལོ་༢༠༡༧ ལོའི་ཟླ་༦ ཚེས་༡༢ ཉིན་བྱང་རྩེ་ཆོས་རྗེ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་དགའ་ལྡན་ཁྲི་ཐོག་༡༠༤ པར་བསྐོ་གཞག་གི་བཀའ་ཡིག་ཕྱག་རྟགས་བསྩལ་ཡོད་པ་དང་། ཟླ་འདིའི་ཚེས་༤ ཉིན་གྱི་ཁྲི་སྟོན་མཛད་སྒོའི་ཐོག སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་དང་། ཤར་པ་ཆོས་རྗེ་རིན་པོ་ཆེ། འབྲས་སྤུངས་ཁྲི་པ། གདན་ས་ཆེན་པོ་གསུམ་གྱི་མཁན་པོ་དང་མཁན་ཟུར། དགེ་ལུགས་སྤྱི་འཐུས། གཞན་ཡང་ལྷོ་སྤྱི་དང་། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་ཁག་གི་སྐུ་ཚབ་རྣམས་ཀྱིས་དགའ་ལྡན་ཁྲི་རིན་པོ་ཆེ་སྤྱན་རྒྱ་སྤོས་སྣེ་དང་བཅས་ཕེབས་བསུ་ཟབ་རྒྱས་དང་བཅས་ཏེ་དགའ་ལྡན་བླ་སྤྱིར་འཇམ་མགོན་རྒྱལ་བའི་གསེར་ཁྲིར་མངའ་གསོལ་གྱི་མཎྜལ་རྟེན་གསུམ་འདེགས་འབུལ་དང་སྐུ་མགྲོན་རྣམས་ལ་མཇལ་ཁ་གནང་ཡོད་པ་རེད། དགའ་ལྡན་ཁྲི་པ་བློ་བཟང་བསྟན་འཛིན་མཆོག་ཕྱི་ལོ་༡༩༣༥ ལོར་བོད་གཙང་སྟོད་ལྷ་རྩེ་ཁུལ་དུ་སྐུ་འཁྲུངས་པ་དང་། ༧རྒྱལ་དབང་ལྔ་པས་ཕྱག་བཏབ་པའི་ལྷ་རྩེ་དགོན་དུ་ཆོས་ཞུགས་དང་མཁན་ཆེན་བསྟན་འཛིན་རྒྱ་མཚོའི་སྐུ་མདུན་ནས་རབ་ཏུ་བྱུང་། དགུང་ལོ་ཉེར་ལྔའི་ཐོག་ཁྲི་བྱང་རིན་པོ་ཆེའི་ཞལ་ལྔ་ནས་བསྙེན་རྫོགས་ཀྱི་བསྡོམས་པ་བཞེས། རྒྱ་ནག་གིས་བོད་དབང་བསྒྱུར་རྗེས་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་ནས་སྦག་ས་ཆོས་སྒར་དུ་བཞུགས། ༡༠༧༠ ལོ་ནས་རྒྱ་གར་ལྷོ་ཕྱོགས་སེར་ར་དགོན་པར་བཞུགས་པ་དང་། གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་སློབ་གཉེར་གནང་ནས་༡༩༧༨ ལོར་ལྷ་རམས་པའི་མཚན་རྟགས་བཞེས། རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་ནི་སེར་བྱེས་མཁས་སྙན་གྲྭ་ཚང་གི་གཙང་པ་ཁང་ཚན་ནས་ཡིན་ཞིང་། རིམ་བཞིན་རྒྱུད་གྲྭར་ཞུགས་ནས་མདོ་སྔགས་ཟུང་འབྲེལ་གྱི་གནད་རྣམས་གསན་བསམ་དང་། བྱང་རྩེ་ཆོས་རྗེའི་ཁྲི་ལ་ཕེབས། ༢༠༡༧ ལོའི་ཕྱི་ཟླ་༦ ཚེས་༢༤ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་༡༠༤ པར་བསྐོ་གཞག་གི་བཀའ་ཡིག་ཕྱག་རྟགས་བསྩལ་ཡོད་པ་རེད།།ཡོང་ཁུངས། :     ཡོང་ཁུངས། :  བོད་ཀྱི་བང་ཆེན་དྲ་བ་གནས། གསར་འགོད་པ་ཆོས་ཉིད་འོད་ཟེར།

གཞིས་བྱིས་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་གཟེངས་རྟགས་ཐེངས་དང་པོ།

༢༠༡༧ ལོའི་ཟླ་༧ ཚེས་༢༩་ཉིན་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་བཙུགས་ནས་ལོ་ལྔ་འཁོར་བའི་དུས་དྲན་དང་སྟབས་བསྟུན། བོད་དོན་འཐབ་རྩོད་ཁྲོད་ཆོལ་གསུམ་རྡོག་རྩ་གཅིག་སྒྲིལ་ཇི་ལྟར་གནང་དགོས་མིན་སྐོར་བགྲོ་གླེང་དང་། དམིགས་བསལ་ལོ་མང་རིང་སུད་སི་ཇི་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་མཁན་ཁྱིམ་ཚང་བདུན་ལ་བསྔགས་བརྗོད་གཟེངས་རྟགས་བཅས་ཕུལ་ཡོད་འདུག གོང་ཚེས་ཉིན་སུད་སི་ས་གནས་ཝེ་རྡན་སི་ཝེལ་ནང་བོད་ཀྱི་མི་རབས་གསར་པའི་མཐུན་ཚོགས་ཚུགས་ནས་ལོ་ལྔ་འཁོར་པའི་དུས་དྲན་མཛད་སྒོ་ཞིག་འཚོགས་ཡོད་པ་དང་། མཛད་སྒོ་འདིའི་ཐོག་མར་ཆོལ་གསུལ་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་ཇི་ལྟར་གནང་དགོས་སྐོར་དང་། བོད་མིའི་རྡོག་རྩ་གཅིག་སྒྲིལ་གྱི་གལ་གནད་རང་བཞིན་སྐོར་བགྲོ་གླེང་གནང་བར།ཡུ་རོབ་སྤྱི་འཐུས་ཟམ་མདོ་བྱམས་པ་ལགས་དང་། སུད་སི་དང་ལེག་ཏེན་སིཊ་ཡན་བོད་རིགས་མི་མང་ཚོགས་གཙོ་བསྟན་འཛིན་སྙིང་པོ་ལགས། སུད་སི་ཇི་ནེ་ཝ་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ་བོད་དོན་ཞུ་གཏུག་གི་གཙོ་འགན་བཞེས་མཁན་སྟག་ཚང་དཀོན་ཅོག་ལགས་བཅས་མཉམ་ཞུགས་གནང་སྟེ་བགྲོ་གླེང་གནང་ཡོད་པ་རེད་འདུག གཞན་དྲ་ཐོག་ནས་ཧྥི་རན་སིར་གནས་བཞུགས་ཐུབ་བསྟན་རྒྱ་མཚོ་དང་། དབྱིན་ཡུལ་ནང་གནས་བཞུགས་དབྱིག་གཉེན་ལགས་གཉིས་དྲ་ཐོག་ནས་མཉམ་ཞུགས་གནང་ཡོད་ཀྱང་། དྲ་ལམ་སྐྱོ་བའི་དབང་གིས་བགྲོ་གླེང་གི་ཆ་ཤས་ལེན་ཐུབ་ཡོད་མི་འདུག བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་དུས་དྲན་ཐེངས་ལྔ་བའི་མཛད་སྒོ་འདིའི་ཐོག་དམིགས་བསལ་ལས་རིམ་གཞན་ཞིག་ཡོད་པ་ནི། བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་ལམ། རྒྱལ་ཚོགས་སུ་བོད་དོན་ཞུ་གཏུག་གནང་མཁན་ནང་མི་བདུན་ལ་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་གཞིས་བྱེས་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་གཟེངས་རྟགས་ཐེངས་དང་པོ་ཕུལ་ཡོད་པ་དང་། བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་ལམ་ཁྱིམ་ཚང་བདུན་གྱི་རྒྱལ་ཚོགས་སུ་བོད་དོན་ཞུ་གཏུག་ལས་འགུལ་བ་རྣམས་ལ་ཐེངས་འདིའི་གཟེངས་རྟགས་འདི་འབུལ་དགོད་པའི་དམིགས་ཡུལ་ནི། ༢༠༡༡ ལོ་ནས་མུ་མཐུད་རྒྱལ་ཚོགས་གཙོས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་བོད་དོན་ཞུ་འབོད་དང་། རྒྱལ་སྤྱིའི་མི་མང་ལ་བོད་དོན་འགྲེལ་བརྗོད་ཀྱི་ལས་འགུལ་འདྲ་མིན་ཟླ་རེར་ཐེངས་རེར་རྒྱུན་མ་ཆད་པར་སྤེལ་བའི་སྙིང་སྟོབས་ལ་བསྔགས་བརྗོད་དང་། འདི་བཞིན་བོད་པའི་སྤྱི་ཚོགས་ནང་ལོ་ནས་ལོ་དང་། ཟླ་ནས་ཟླ་ལ་མི་རྒྱུ་གཉིས་ཀྱི་དཀའ་ཚག་ཚད་མེད་བརྒྱུད་དང་བླངས་ཐོག་ལས་འགུལ་རྒྱུན་མ་ཆད་པར་སྤེལ་མཁན་ཧ་ཅང་ཉུང་བ་ལས་ཀྱང་ཉུང་བ་མ་གཏོགས་མེད་པའི་གནས་སྐབས་འདིར། གོང་འཁོད་ལས་འགུལ་བ་ཁོངས་རྣམས་ཀྱི་རྒྱུན་སྐྱོང་གི་སྙིང་སྟོབས་དང་། བོད་ཀྱི་བདེན་དོན་འཐབ་རྩོད་ལ་བཞག་པའི་ལྷག་བསམ་དང་སེམས་ཤུགས་བཅས་ནི་བོད་ཀྱི་སྤྱི་ཚོགས་ནང་ཅིས་ཀྱང་ངོས་འཛིན་གནང་ཐུབ་དགོས་པ་ཞིག་ཡིན་པ་དམིགས་ཡུལ་དུ་བཟུང་སྟེ་ཕུལ་བ་ཡིན་འདུག བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་འགན་འཛིན་སྟག་ཚང་ཆོས་སྒྲོན་ལགས་ཀྱིས་ཁོང་ཚོའི་ལས་འགུལ་འདིའི་སྔ་ཕྱིའི་བརྒྱུད་རིམ་དང་། ཁྱིམ་ཚང་བདུན་གྱི་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་ལམ། རྒྱལ་ཚོགས་སུ་བོད་དོན་ཞུ་གཏུགས་གི་ལས་འགུལ་འདིའི་འགོ་འཛུགས་སྟངས་ཀྱི་བརྒྱུད་རིམ་སྐོར་ངོ་སྤྲོད་ཡིག་ཐོག་ཏུ་ཕུལ་བའི་ནང་འཁོད་དོན། ལས་འགུལ་འདི་ནི་ཕྱི་ལོ་༢༠༡༡ཟླ་༡༡ ཚེས་༩ ཉིན་འགོ་འཛུགས་ཀྱིས་ཉིན་༡༣རིང་འབར་བཞིན་པའི་བོད་ཀྱི་ཆེད། ལུ་རྫན་ནས་ཇི་ནེ་ཝ་རྒྱལ་ཚོགས་བར་ཁྱིམ་ཚང་གསུམ་གྱིས་བཀོད་སྒྲིག་འོག་ཞི་གོམ་བགྲོད་ཀྱི་ལས་འགུལ་ནང་བོད་མི་ བདུན་མཉམ་ཞུགས་གནང་སྟེ་ཐོག་མའི་ལས་འགུལ་སྤེལ། ཕྱི་ལོ༢༠༡༢ཟླ་༡༢ཚེས་༤ཉིན་སླར་ཡང་ཁྱིམ་ཚང་གསུམ་གྱི་གོ་སྒྲིག་འོག་ཉིན་༧རིང་སུད་སིའི་རྒྱལ་ས་སྦེརན་ནས་འབར་བཞིན་པའི་བོད་ཀྱི་ཆེད་བོད་མི་བཅུ་གསུམ་མཉམ་ཞུགས་ཀྱིས་ཇི་ནེ་ཝ་རྒྱལ་ཚོགས་བར་ཞི་བའི་གོམ་བགྲོད་ཀྱི་ལམ་ནས་ལས་འགུལ་ཐེངས་གཉིས་པ་སྤེལ།  ཕྱི་ལོ༢༠༡༢ཟླ་༡༢ཚེས་༡༠ཉིན་ཁྱིམ་ཚང་གཉིས་ཀྱིས་རྒྱལ་ཚོགས་མདུན་ཐང་དུ། བོད་བསྟན་སྲིད་མི་རིགས་སོགས་ཀྱི་དོན་དུ་བོད་ཕྱི་ནང་གཉིས་སུ་སྐུ་ལུས་མེར་བསྲེགས་གཏོང་མཁན། རྒྱལ་གཅེས་དཔའ་བོ་དཔའ་མོའི་གྲངས་དང་མཉམ་པའི་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་དང་། དེ་ཡང་ད་ལྟ་ལྷག་དཀར་སྲུང་བརྩིའི་སྒོ་ནས་མུ་མཐུད་རྒྱལ་ཚོགས་སུ་བོད་དོན་ཞུ་གཏུག་བྱས་དང་བྱེད་བཞིན་པའི་ལས་འགུལ་འདི་ཉིད་ཡིན་ཞིང་། ད་ཆ་ལས་འགུལ་འདི་ཁྱིམ་ཚང་བདུན་ གྱི་ལས་འགུལ་དུ་གྱུར་ཡོད་ལ། རྒྱལ་ཚོགས་སུ་བོད་དོན་ཞུ་གཏུག་ལས་འགུལ་ཐེངས་ ༦༧ སྤེལ་གནང་ཡོད་འདུག གཞན་སུ་སི་གོང་འཁོད་ལས་འགུལ་བ་རྣམས་ཀྱིས་ལུ་རྫན་གྲོང་ཁྱེར་ནང་ལྷག་དཀར་སྲུང་བརྩིའི་ལམ་ནས་བོད་བསྟན་སྲིད་མི་རིགས་སོགས་ཀྱི་སླད། བོད་ཕྱི་ནང་གཉིས་སུ་སྐུ་ལུས་མེར་བསྲེགས་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོའི་གྲངས་དང་མཉམ་པའི་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་ལས་འགུལ་ཐེངས་གཉིས་༢་སྤེལ་ཡོད་པ་དང་། ས་གནས་སྲིད་གཞུང་ ༨༣ དང་ལུ་རྫན་གྲོང་ཁྱེར་སྲིད་གཞུང་། དེ་བཞིན་ སུད་སིའི་གྲོས་ཚོགས་བཅས་ལ་ད་ལྟའི་བོད་ཀྱི་ཛ་དྲག་གི་གནས་སྟངས་ཞུ་གཏུག་དང་། ས་གནས་སྲིད་གཞུང་དེ་དག་གི་མདུན་དུ་བོད་དོན་ལ་རྒྱབ་སྐྱོར་ཆེད་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་དགོས་པའི་འབོད་སྐུལ་གྱི་ལས་འགུལ་ཐེངས་གཅིག སུད་སིར་བཅའ་བཞུགས་གླིང་ལྔའི་རྒྱལ་ཁབ་ཁག་གི་གཞུང་ཚབ་རྣམས་ལ་བོད་དོན་ཞུ་གཏུག་གི་ལས་འགུལ་ཐེངས་༤། ཕྱི་ལོ་༢༠༡༦ནང་དབུས་བུད་མེད་ཚོགས་པའི་མཐུན་འགྱུར་འོག རྒྱ་བལ་འབྲུག་གསུམ་ནང་ཕྲུ་གུ་མང་ཤོས་སྐྱེས་མཁན་ཁྱིམ་ཚང་གཉིས་ཀྱི་ཕ་མ་ལ་བོད་ཀྱི་མི་འབོར་འཕེལ་རྒྱས་སུ་གཏོང་བར་ལེགས་གསོའི་ཆེད་ཧིན་སྒོར་༣༠༠༠༠ཕུལ་ཟིན་པ་དང་། ༢༠༡༧ ལོར་ཁྱིམ་ཚང་ལྔའི་ཕ་མ་རེ་ལ་ཧིན་སྒོར་༧༥༠༠༠འབུལ་གཏན་ཁེལ་ཡོད་འདུག ལས་འགུལ་འདི་ནི་བོད་ཀྱི་མི་འབོར་འཕེལ་རྒྱས་ཀྱི་ལས་འགུལ་ཞིག་ཡིན་ཐེངས་༢་དེ་རེད་འདུག ཕྱི་ལོ༢༠༡༧་ཟླ་༠༥་ཚེས་༠༢དང་༠༣ཉིན་གཉིས་རིང་ལ་སྦེལ་འཇམ་ Belgium Brussels ཡུ་རོབ་མཉམ་འབྲེལ་དང་གྲོས་ཚོགས་སུ་བོད་ནང་གི་ རང་ལུས་མེར་སྲེག་གི་དོན་རྐྱེན་གཙོས་ཆེས་ཛ་དྲག་གི་གནས་སྟངས་སོགས་སེལ་ཆེད་དགོས་འདུན་དོན་ཚན་བཞི་ཅན་གྱི་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ། རང་གཞུང་ཇི་ནེ་ཝ་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་མཆོག་དང་དྲུང་ཆེ་ཟླབ་ཚུལ་ཁྲིམས་ཀྱིས་མཐུན་འགྱུར་དང་། དེ་བཞིན་སྦིར་ཟལ་སྐུ་ངོ་དོན་གཅོད་བཀྲིས་ཕུན་ཚོགས་མཆོག་དང་རིག་འཛིན་སྒྲོན་གཉིས་ཀྱི་མཐུན་འགྱུར་འོག་ཡུ་རོབ་གྲོས་ཚོགས་འཐུས་མི་    ( chilly drizzle/ Csaba Sogor/ Ms Zsuzsana Ferenczy /Panzeri/ ThomasMann/  Mr Tunne Kelam ) ཁོང་རྣམསདངོས་སུ་ང་ཚོའི་ལས་ལ་མཉམ་ཞུགས་དང་བོད་དོན་ཐོག་རྒྱབ་སྐྱོར་བཀའ་སློབ་ཟབ་རྒྱས་གནང་ཐུབ་པ་བྱུང་ཡོད། ད་དུང་སྦིར་སལ་སྐུ་ངོ་དོན་གཅོད་བཀྲིས་ཕུན་ཚོགས་མཆོག་དང་རིག་འཛིན་ཆོས་སྒྲོན་གཉིས་ལས་འགུལ་ལ་དངོས་སུ་བཅར་ནས་བཀའ་སློབ་ལམ་སྟོན་གནང་བ་དང་། བོད་རིགས་ཚོགས་པ་དང་བུད་མེད། གཞོན་ནུ། དབུས་གཙང་ཚོགས་པ་བཅས་ཀྱི་རྒྱབ་སྐྱོར་འོག་ཉིན་༢རིང་བོད་རིགས་ ༥༠ ཙམ་ལས་འགུལ་ལ་མཉམ་ཞུགས་གནང་། ཅེས་འཁོད་འདུག གསར་འགོད་པ། ཙ་ཡུས་ཕུན་ཚོགས།    

གླུ་བ་སྐལ་བཟང་ཡར་འཕེལ་ཀློད་གྲོལ་བཏང་།

དེ་རིང་སྔ་དྲོར་རྒྱ་ནག་གཞུང་གིས་རྨ་ཆུ་རྫོང་ཁོངས་ནས་ཡིན་པའི་རྡུང་ལེན་པ་སྐལ་བཟང་ཡར་འཕེལ་ལགས་ཀློད་གྲོལ་བཏང་ཡོད་འདུག རྨ་ཆུ་རྫོང་རྨ་ཁུག་རྟ་ར་ནས་ཡིན་པའི་རྡུང་ལེན་པ་སྐལ་བཟང་ཡར་འཕེལ་ལགས་དེ་རིང་སྔ་དྲོར་བཙོན་གྲོལ་བཏང་ཡོད་པ་དང་། ཁོང་ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༦ ཚེས་༡༤ ཙམ་ལ་བོད་ཀྱི་རྒྱལ་ས་ལྷ་ས་ནས་རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བྱས་ཏེ། ཁྲིན་ཏུའུ་གྲོང་ཁྱེར་གྱི་བཀག་ཉར་ཁང་ཞིག་ཏུ་ཟླ་བ་ ༡༦ ལྷག་ཙམ་རིང་བཀག་ཉར་བྱས་རྗེས། ཕྱི་ལོ་ ༢༠༡༢ ལོར་ཁོང་གིས་གཙོ་སྒྲུབ་གནང་བའི་༼ཁ་བའི་མེ་ཏོག་རིག་རྩལ་སྤྲོ་ཚོགས་ཆེན་མོ༽དང་། ཁོང་གི་གླུ་གཞས་༼བོད་པ་ཚོ༽དང་༼བླ་མ་ལགས༽ཞེས་པ་སོགས་ཀྱི་ནང་ཆབ་སྲིད་ཀྱི་གནད་དོན་ཡོད་པའི་ནག་ཉེས་མིང་འོག ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༢༧ ཉིན་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཁྲིམས་ཁང་ཞིག་ནས་ཁོང་ལ་ལོ་ ༤ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། ཁ་བའི་མེ་ཏོག་ཅེས་པའི་གླུ་གཞས་དགོང་ཚོགས་དེ་ནི་བོད་རིགས་རྣམས་ཀྱིས་རང་གི་ཕ་སྐད་གཙང་མ་བཤད་པར་སྐུལ་སློང་གི་རིག་རྩལ་དགོང་ཚོགས་ཤིག་ཡིན་པ་དང་། དགོང་ཚོགས་དེའི་སྟེང་ཁོང་གིས་བླངས་བའི་༼བོད་པ་ཚོ༽ཞེས་པའི་ནང་དུ། བོད་པ་ཚོ། ང་ཚོའི་བོད་ཡིག་སྦྱོང་། བོད་སྐད་བཤད། བོད་ཀྱི་སྐད་དང་ཡི་གེ་སྦྱོང་བའི་འོས་འགན་ང་ཚོར་ཡོད། བོད་པ་ཚོ། ང་ཚོས་མཐུན་སྒྲིལ་བྱེད། མཐུན་སྒྲིལ་བྱེད། སྟོད་སྨད་བར་གསུམ་མཐུན་སྒྲིལ་བྱས་ཏེ་རྡོག་རྩ་གཅིག་སྒྲིལ།  བོད་པ་ཚོ། ང་ཚོས་སྙིང་སྟོབས་སྐྱེད། སྐྱིད་སྡུག་འདྲེས་མའི་ལོ་ཟླ་བསམ་ཏེ་ང་ཚོས་སྙིང་སྟོབས་སྐྱེད། བོད་པ་ཚོ། ང་ཚོས་བདེ་སྡུག་གླེང་། མ་འོངས་བོད་མིའི་མདུན་ལམ་བསམ་དེ་ང་ཚོས་ཕུགས་བསམ་འཚོལ། བོད་པ་ཚོ། ང་ཚོས་ལ་རྒྱ་འཛིན། ལ་རྒྱའི་ཕྲག་གདང་གཤིབ་སྟེ། ང་ཚོ་མདུན་དུ་བསྐྱོད། བོད་པ་ཚོ། ང་ཚོས་འབད་བརྩོན་བྱེད། དུས་རབས་གསར་བའི་བོད་པའི་རྒྱུད་འཛིན་ང་ཚོ་ཡིན། བོད་པ་ཚོ། ” ཞེས་བརྗོད་ཡོད་འདུག ཁོང་གི་རིག་རྩལ་དགོང་ཚོགས་དེའི་འོད་ཟེར་རྣམས་བོད་ཁུལ་དུ་བཀྲམས་ཏེ་ཟླ་གཅིག་ཙམ་རྗེས། རྒྱ་ནག་གཞུང་གིས་ཁོང་གི་འོད་སྡེར་རྣམས་བཀག་སྡོམ་ཕྱིར་བསྡུ་བྱས་པ་མ་ཟད། ཐེངས་ཁ་ཤས་ལ་ལྷ་ས་ནས་ཁོང་བཀག་ཉར་འདྲི་རྩད་བྱས་ཡོད་པ་དང་། མཐར་སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་དུ་བཙན་འཁྲིད་བྱས་ཏེ་ཡུན་རིང་གཅར་རྡུང་འདྲི་རྩད་མྱངས་རྗེས། ཆབ་སྲིད་ཀྱི་ནག་ཉེས་གཡོགས་ཏེ་བཙོན་འཇུག་བྱས་ཡོད་པ་རེད།

དེ་རིང་བར་བོད་མིས་རང་སྲེག་གནང་མཁན་གྲངས་འབོར་དེ་ ༡༤༧ ཆགས་ཡོད་པ་རེད།

དེ་རིང་ཟླ་ ༤ ཚེས་ ༡༥ ཉིན་ ངོ་དེབ་དང་སྐད་འཕྲིན་སོགས་སྤྱི་ཚོགས་དྲ་རྒྱའི་ཐོག་བརྙན་པར་ཐུང་ངུ་ཞིག་ཐོན་ཡོད་པར་གཞིགས་ན། བོད་ཁམས་དཀར་མཛེས་རྫོང་ཐོག་ཏུ་བོད་མི་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་འདུག་པ་དང། ཁོང་གིས་རང་བསྲེགས་གནང་ནས་དུས་ཚོད་རིང་པོ་མ་སོང་བར་རྒྱ་གཞུང་ཉེན་རྟོག་མི་སྣ་ཡོང་ནས་ཁོང་གི་ལུས་པོའི་སྟེང་གི་མེ་བསད་ནས་སྐུ་ཕུང་བཙན་ཁྱེར་བྱས་ཡོད་པ་རེད་འདུག་ བརྙ་པར་ཐུང་ངུ་ཞིག་བཞག་པའི་ནང་དུ་བོད་མི་དེས་རང་བསྲེགས་གནང་རྗེས་ཉེན་རྟོག་པས་མེ་བསད་ཐབས་བྱེད་བཞིན་པ་མངོན་རྒྱུ་འདུག རྩ་བའི་ཉེ་ཆར་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༨ ཉིན་བོད་མི་པདྨ་རྒྱལ་མཚན་ལགས་ཀྱིས་དཀར་མཛེས་རྫོག་ཏུ་རང་ལུས་མེར་བསྲེགས་གནང་པའི་དོན་རྐྱེན་བྱུང་མ་ཐག་ཡིན་པ་དང་། ཁུལ་དེར་དམ་བསྒྲགས་ཆེན་པོ་བྱེད་བཞིན་པའི་གནས་སྟངས་ཆགས་ཡོད་སྟབས། ད་ལྟའི་ཆར་རང་ལུས་མེར་སྲེག་གནང་མཁན་ཁོང་གི་མཚན་དང་ས་གནས་སོགས་གང་ཡིན་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད་འདུག བོད་ནང་ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་རྒྱ་གཞུང་ནས་བོད་ཐོག་འཛིན་པའི་དྲག་པོའི་སྲིད་བྱུས་ལ་ངོ་རྒོལ་ཆེད་བོད་མི་ ༡༤༦ ཙམ་ནས་རང་ལུས་མེར་བསྲེགས་གནང་ཟིན་ཡོད་པ་དང། དེ་རིང་བར་བོད་མིས་རང་སྲེག་གནང་མཁན་གྲངས་འབོར་དེ་ ༡༤༧ ཆགས་ཡོད་པ་རེད།    

བོད་ཁམས་ཉག་རོང་གི་བོད་མི་ཞིག་གིས་རང་ལུས་མེར་སྲེག་བཏང་བ།

༢༠༡༧ ཟླ་ ༣ ཚེས་ ༡༩ རེས་གཟའ་ཉི་མ། ༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༡༨ ཉིན་བོད་ཁམས་ཉག་རོང་ནས་ཡིན་པ་རང་ལོ་ ༢༤ སོན་པའི་བོད་མི་པདྨ་རྒྱལ་མཚན་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དམ་བསྒྲགས་སུན་གཙེར་མུ་མཐུད་བཟོ་བཞིན་པ་དེར་ཞི་རྒོལ་རྔམ་སྟོན་ཆེད། བོད་ནང་གི་ཕྱེད་ཡོལ་ཆུ་ཚོད་ ༤ ཙམ་ལ་མཚོ་ཁ་དགོན་པའི་ཉེ་འགྲམ་དུ་རང་ལུས་མེར་སྲེག་བཏང་འདུག དེ་མ་ཐག་རྒྱ་མིའི་ཉེན་རྟོག་མི་སྣ་འབྱོར་ནས་ཁོང་བཙན་ཁྲིད་བྱས། དེ་ཡང་སྐར་མ་གཅིག་ཙམ་རིང་གི་བརྙན་འཕྲིན་དུམ་ཚན་ཞིག་ཉག་རོང་ནས་་ཕྱིར་གྱར་བྱུང་བ་དེའི་ནང་རང་ལུས་མེར་སྲེག་གཏོང་ཡུལ་གྱི་ས་གནས་དེར་རྒྱ་ནག་དྲག་ཆས་ཉེན་རྟོག་མི་སྣ་ཧ་ཅང་མང་པོ་འབྱོར་ཡོད་པ་མཐོང་ཐུབ། ད་ལྟའི་ཆར་རྒྱལ་གཅེས་པ་ཁོང་འཆི་གསོན་གྱི་གནས་སྟངས་གང་ཡིན་སྐོར་གནས་ཚུལ་ཁ་གསལ་ཤེས་རྟོགས་ཐུབ་ཐབས་བྲལ། པདྨ་རྒྱལ་མཚན་ལགས་ནི་ཕ་དབང་རྒྱལ་ལགས་དང་མ་ཡུལ་ལྷ་གཉིས་ཀྱི་བུ་ཡིན་ཞིང་། ཡོངས་གྲགས་ཁོང་ལ་པད་རྒྱལ། ཞེས་འབོད་སྲོལ་ཡོད་འདུག འདི་ནི་ཉག་རོང་ཁུལ་དུ་རང་ལུས་མེར་སྲེག་ཐེངས་གཉིས་པ་ཆགས་ཡོད། ཕྱི་ལོ་ ༢༠༡༦ ལོར་རང་ལོ་ ༡༨ སོན་པའི་བོད་མི་སྐལ་བཟང་དབང་འདུས་ལགས་ཀྱིས་ཉག་རོང་རྫོང་དཀར་མཛེས་ས་ཁུལ་དུ་ཆགས་པའི་རང་གི་དགོན་པའི་ཉེ་འགྲམ་དུ་རང་ལུས་མེར་སྲེག་བཏང་རྗེས་འདས་གྲོངས་སུ་གྱུར་ཡོད་པ་བཅས།།

སུད་སིའི་བོད་མི་ཚོས་སུམ་བཅུའི་དུས་དྲན་ཐེངས་༥༨ པ་སྲུང་བརྩི་གནང་།

དེ་རིང་ཕྱི་ཟླ་ ༣་ཚེས་༡༠ རེས་གཟའ་པ་སངས་ཉིན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག་སུད་སི་རྒྱལ་ས་སྦརན་གྲོང་ཁྱེར་གྱི་Veletiaplatz Bern ནས་Münterplatz Bern བར་བོད་མི་གཅིག་སྟོང་ལྷག་འདུ་འཛོམས་ཀྱིས་རྔམ་སྟོན་ཁྲོམ་སྐོར་དང་སྐད་འབོད་བཅས་གནང་སྟེ་སུམ་བཅུའི་དུས་དྲན་ཐེངས་༥༨ པ་སྲུང་བརྩི་གནང་ཡོད་འདུག གོང་ཚེས་ཉིན་སུམ་བཅུའི་དུས་དྲན་ཐེངས་༥༨ པ་སྲུང་བརྩི་ཆེད་ཕྱོགས་མཐའ་ནས་ཕེབས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་པ་ཧ་ཅང་མང་པོ་འདུ་འཛོམས་གནང་ཡོད་འདུག་ལ། ལས་རིམ་གྱི་ཐོག་མར་བོད་རྒྱལ་ཁབ་ཆེན་པོིའི་རྒྱལ་གླུ་དང་། རྒྱལ་གཅེས་དཔའ་བོ་དཔའ་བོ་རྣམས་ལ་མྱ་ངན་གུས་འདུད། ཟློས་གར་ཚོགས་པས་སྣེ་ཁྲིད་འོག་སུམ་དུས་ལངས་གླུ་བཅས་གཏོང་གནང་འདུག་པ་དང་། དེ་རྗེས་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་ཚོགས་གཙོ་མཆོག་གིས་ལས་འགུལ་དང་འབྲེལ་བའི་གཏམ་བཤད། དམིགས་བསལ་དུས་དྲན་ལས་རིམ་ནང་གཏམ་བཤད་གནང་མཁནགཙོ་བོ་སུད་སིའི་ལྗང་གུ་ཚོགས་པའི་ཚོགས་གཙོ་ལྕམ་Frau Regula Rytz ལགས་ཀྱིས་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་གཏམ་བཤད་གནང་བ་དང་། ཡུ་རོབ་ཕྱགས་བཞུགས་བོད་མི་མང་སྤྱི་འཐུས་ཟམ་མདོ་བྱམས་པ་ལགས་ཀྱིས་བོད་མི་མང་སྤྱི་འཐུས་གྱི་གསུང་འཕྲིན་སྒྲོག་སྦྱོང་དང་གཏམ་བཤད། སུད་སི་དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་གཏམ་བཤད། བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་གཏམ་བཤད། བོད་ཀྱི་མི་རབས་གསར་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་མཁར་འཕགས་ལགས་ཀྱིས་གཏམ་བཤད། སུད་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་མཆོག་གིས་གཏམ་བཤད།་ཡུ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་གཏམ་བཤད། སུད་སི་ས་གནས་བུད་མེད་ཚོགས་པའི་ཚོགས་གཙོ་མཆོག་གིས་གཏམ་བཤད་བཅས་གནང་གྲུབ་རྗེས། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཞོན་མཆོག་གིས་ལས་འགུལ་མཇུག་སྒྲིལ་གཏམ་བཤད་གནང་རྗེས་ལས་འགུལ་ཡོངས་སུ་མཇུག་བསྡུ་གནང་ཡོད་འདུག སུམ་བཅུའི་དུས་དྲན་ནི་༡༩༥༩ ལོའི་ཟླ་༣ ཚེས་༡༠ ཉིན་རྒྱལ་ས་ལྷ་སའི་ནང་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་སྒེར་ལངས་བྱས་པ་ནས་ད་ལྟའི་བར་ལོ་ལྟར་རྒྱ་གར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གཙོས། འཛམ་གླིང་གང་སར་གནས་པའི་བོད་མི་ཚོ་དང་ཚོགས་པ་སྒྲིག་འཛུགས་ཁག་གིས་སྣེ་ཁྲིད་འོག་དུས་དྲན་སྲུང་བརྩི་གནང་བཞིན་ཡོད་པ་དང་། དུས་དྲན་འདི་དང་སྟབས་བསྟུན་ལོ་ལྟར་རྒྱ་ནག་གཞུང་གིས་ཀྱང་དུས་དྲན་འདིར་དོ་སྣང་དང་རྔམ་དྲག་ལང་གི་ཡོད་འདུག་ལ། དུས་དྲན་ལ་སླེབས་ཉེ་སྐབས་བོད་ནང་གི་བོད་མི་ཚོའི་ཐོག་རྒྱ་གཞུང་གིས་དམིགས་བསལ་དམ་དྲག་ཤུགས་ཆེ་བྱེད་ཀྱིན་ཡོད་འདུག གསར་འགོད་པ། ཙ་ཡུས་ཕུན་ཚོགས།

ལོ་སར་ཚེས་གཅིག་ཉིན་བོད་དོན་ལས་འགུལ།

ལོ་སར་ཚེས་གཅིག་ཉིན་བོད་དོན་ལས་འགུལ། དེ་རིང་ཕྱི་ཚེས་༢༧ ཉིན་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག་སུད་སི་གྲོང་ཁྱེར་ཛུ་རིག་ནང་གི་Paradeplatz ་ནང་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ནང་མི་གཙོས་བོད་ནང་གི་གནས་སྟངས་ཐད་གདུང་སེམས་མཉམ་བསྐྱེད་ཀྱི་བོད་དོན་ལས་འགུལ་ཞིག་སྤེལ་ཡོད་འདུག ཕྱི་ཟླ ༢ ཚེས་༢༧ ཉིན་དང་བོད་རྒྱལ་ལོ་༢༡༤༤ ལོའི་ལོ་སར་ཚེས་གཅིག་ཉིན་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག་བོད་མི་དང་ཕྱི་རྒྱལ་བ་མང་པོ་འདུ་མཛོམས་ཐོག་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྐུ་པར་མདུན་དུ་མཆོད་མེ་སྟོང་ཚར་སྤར་སྒྲོན་ཐོག་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་འདུག་ལ། ལས་འགུལ་འདི་ནི་བོད་ཀྱི་མི་རབས་གསར་པའི་མཐུན་ཚོགས་ཀྱི་ལས་འཆར་ལྟར་ལོ་རེའི་ལོ་སར་ཚེས་གཅིག་ཉིན་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་རྣམ་པ་འདྲ་མིན་ཐོག་སྤེལ་བཞིན་པའི་ལས་འགུལ་ཞིག་ཡིན་འདུག

རྒྱལ་ཚོགས་མདུན་དུ་བོད་དོན་ཞུ་གཏུག་གི་ལས་འགུལ་ཐེངས་༦༢ པ་སྤེལ་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༨ ཉིན་སུད་སི་ཇི་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་མདུན་ཐང་དུ་ཁྱིམ་ཚང་དྲུག་གིས་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུགས་དང་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་ཐེངས་༦༢ སྤེལ་ཡོད་པ་དང་། ཐེངས་འདིའི་ལས་འགུལ་ནང་བོད་དོན་འགྲེལ་བརྗོད་གྱི་ཡིག་ཆ་གྲངས་༧༠༠ལྷག་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་འཁོད་པའི་ཡིག་ཆ་གྲངས་༢༠༠ ལྷག་འགྲེམ་སྤེལ་གནང་ཡོད་འདུག ཐེངས་འདིའི་ལས་འགུལ་ནང་སུད་སི་དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་ལགས་དང་ཟླ་བ་ཚུལ་ཁྲིམས་ལགས་གཉིས་ཆེད་ཕེབས་གནང་སྟེ་ལས་འགུལ་བ་རྣམས་ལ་ཁ་བཏགས་གནང་སྟེ་ལས་འགུལ་ལ་རྒྱབ་སྐྱོར་གནང་བ་དང་། ལས་འགུལ་ནང་ལུ་ཛན་ཚོགས་ཆུང་གི་མི་གྲངས ༢༢ དང་གྷི་ལ་རའོ་སིར་གནས་སྡོད་ཚེ་རིང་རྒྱལ་པོ་ལགས་བཅས་མཉམ་ཞུགས་གནང་ཡོད་ཅིང་། ཚེ་རིང་རྒྱལ་བོ་ལགས་ལས་འགུལ་འདིའི་ནང་སྔ་ཕྱི་ཐེངས་མང་པོ་མཉམ་ཞུགས་གནང་ཡོད་པར་བརྟེན་ལས་འགུལ་པ་རྣམས་ཀྱིས་ཁོང་ལ་ཐུགས་རྗེ་ལེགས་འབུལ་གྱི་ཆེད་དུ་ཁ་བཏགས་གཅིག་དང་བོད་ཀྱི་རྒྱལ་དར་གཅིག་བཅས་ཕུལ་བ་དང་། ལུ་ཛན་ཚོགས་ཆུང་གི་ངོས་ནས་སྤྱི་མོས་ཐོག་ལས་འགུལ་འདིས་བོད་ཀྱི་རྩ་དོན་གྱི་ཆེད་དུ་དཀའ་ལས་རྒྱག་བཞིན་པའི་ངོས་འཛིན་ཐོག་རྒྱབ་སྐྱོར་ཐག་གཅོད་གནང་པར་བཀའ་དྲིན་ཆེ་བརྗོད་བཅས་གནང་ཡོད་འདུག ཁྱིམ་ཚང་དྲུག་གི་བོད་དོན་ཞུ་འབོད་དམ་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་འདི་ནི་ ཕྱི་ལོ ༢༠༡༢ ཟླ ༡༢ ཚེས ༡༠ ནས་ཇི་ནེ་ཝ་རྒྱལ་ཚོགས་མདུན་དུ་སུད་སི་གནས་སྡོད་ཁྱིམ་ཚང་གཉིས་ཀྱི་འགོ་འཛུགས་གནང་བ་དང་། ཕྱི་ལོ ༢༠༡༤དང་༢༠༡༥ལོར་རིམ་བཞིན་ཁྱིམ་ཚང་གསུམ་དང་ཁྱིམ་ཚང་བཞི་ཡིས་ཟླ་རེའི་གཟའ་ལྷག་པ་དང་བོ་ནམ་ཡིན་ལ་ལས་འགུལ་སྤེལ་ཅིང་། ཕྱི་ལོ ༢༠༡༦ ཟླ ༡ ཚེས ༡༣ ནས་བཟུང་ཁྱིམ་ཚང་དྲུག་གི་ལས་འགུལ་དུ་གྱུར་ཞིང་།  ལོ་ལྟར་ཟླ་རེའི་གཟའ་ལྷག་པ་གཉིས་པ་ནམ་ཡིན་ལ་མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་།གྲོས་འཐུས།ཚོགས་སྡེ་དང་མི་སྒེར་བཅས་འཛམ་གླིང་མི་མང་ལ། བོད་ནང་གི་བོད་མི་མངོན་འདོད་དང་། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་འབོད་སྒྲ་དང་ཞལ་ཆེམས་དོན་ཚན་ཁག་ཞུ་གཏུག་བྱེད་ཀྱིན་ཡོད་འདུག གསར་འགོད་པ། ཙ་ཡུས་ཕུན་ཚོགས།