བོད་ནང་མི་མེད་གནམ་གྲུའི་ལྟ་ཞིབ།
VOK Tibetan | ཕྱི་ལོ་༢༠༢༦ ཟླ་༡༠ ཚེས་༢།
ཨིན་ཡུལ་དུ་རྟེན་གཞི་བྱས་པའི་བོད་གནས་ལྟ་ཞིབ་ཁང་ Tibet Watch ཡིས་ཕྱི་ལོ་༢༠༢༦ ཟླ་༩ ཚེས་༣༠ ཉིན། རྒྱ་གཞུང་གིས་བོད་ནང་མི་མེད་གནམ་གྲུ་བེད་སྤྱོད་ཀྱིས་མཁའ་ཐོག་ལྟ་ཞིབ་དང་མཁའ་དབྱིངས་ཚོད་འཛིན་གྱི་མ་ལག་རྒྱ་བསྐྱེད་བྱེད་བཞིན་པའི་སྐོར་སྙན་ཐོ་གསར་པ་ཞིག་འདོན་སྤེལ་བྱས་འདུག སྙན་ཐོའི་མིང་ལ་ “Eyes Above the Plateau: Drones, DJI, and the Aerial Architecture of Control in Tibet” ཞེས་འབོད་ཀྱི་ཡོད།
སྙན་ཐོ་དེས་རྒྱ་གཞུང་གི་ཉོ་སྒྲུབ་ཡིག་ཆ། ཉེན་རྟོག་ལས་ཁུངས་ཀྱི་གསལ་བསྒྲགས། འཕུར་སྐྱོད་བཀག་རྒྱ་དང་སྦྱོང་བརྡར་སྙན་ཐོ་བཅས་ལ་གཞི་བཞག་སྟེ། བོད་ཁུལ་གྱི་བདེ་སྲུང་ལས་ཁུངས་ཁག་གིས་མི་མེད་གནམ་གྲུ་དང་། རང་འགུལ་འབབ་ཚུགས། མི་མེད་གནམ་གྲུ་འགོག་སྲུང་ཡོ་བྱད་བཅས་ཉོ་སྒྲུབ་བྱས་པའི་གནས་ཚུལ་བསྡུ་རུབ་བྱས་འདུག
Tibet Watch ཡིས་བརྗོད་པ་ལྟར་ན། ལྟ་ཞིབ་མ་ལག་དེ་དག་ཞི་རྒོལ་བྱུང་མྱོང་བའི་སྡེ་དགེ་དང་འབྲི་རུ་སོགས་ཀྱི་ས་ཁུལ། ཆོས་ལུགས་ཀྱི་འདུ་འཛོམས་བྱེད་ས། དེ་བཞིན་མཐའ་མཚམས་ཁུལ་བཅས་སུ་བཙུགས་ཡོད། ཚོགས་པས་དེ་ལྟའི་མ་ལག་གིས་བོད་མིའི་འགྲོ་འདུག་དང་འདུ་འཛོམས་ལ་ལྟ་ཞིབ་བྱེད་པའི་ནུས་པ་ཆེ་རུ་གཏོང་བ་དང་མཉམ་དུ། གཞན་གྱིས་མཁའ་ཐོག་ནས་པར་ལེན་དང་གནས་ཚུལ་བསྡུ་རུབ་བྱེད་པར་ཚོད་འཛིན་བྱེད་ཀྱི་ཡོད་པར་སེམས་འཚབ་བསྟན་འདུག
སྙན་ཐོའི་ནང་ DJI ཡི་ཡོ་བྱད་འདུས་པའི་ཉོ་སྒྲུབ་གན་རྒྱ་༡༢ ངོས་འཛིན་བྱས་ཡོད་པ་དང་། གན་རྒྱ་དེ་དག་གི་རིན་འབབ་བསྡོམས་ཨིན་སྒོར་ས་ཡ་༢.༨ ཙམ་ཡིན་པ་གསལ་འདུག འོན་ཀྱང་། དངུལ་འབོར་དེའི་ནང་ DJI མ་ཡིན་པའི་ཡོ་བྱད་གཞན་ཡང་འདུས་ཡོད། ཡོ་བྱད་རྣམས་བར་ཚོང་པ་བརྒྱུད་ཉོས་པ་ཡིན་པས། DJI ཡིས་ཐད་ཀར་གན་རྒྱ་བཞག་པའམ་མཐའ་མའི་བེད་སྤྱོད་ཤེས་ཡོད་པ་ཡིག་ཆ་དེ་དག་གིས་ར་སྤྲོད་བྱེད་ཀྱི་མེད།
དེ་བཞིན་ཕྱི་ལོ་༢༠༢༡ ལོར་ལྷ་སའི་ཉེན་རྟོག་ལས་ཁུངས་ཀྱིས་མི་མེད་གནམ་གྲུ་རྩད་གཅོད་དང་འགོག་སྲུང་ཡོ་བྱད་ཆེད་རྒྱ་སྒོར་ས་ཡ་༨.༦༣ ཙམ་གྱི་ཉོ་སྒྲུབ་བྱས་ཡོད་པ་འཁོད་འདུག ཚོགས་པས་དེ་ནི་གཞུང་གི་ལྟ་ཞིབ་ནུས་པ་རྒྱ་བསྐྱེད་དང་མཉམ་དུ། གཞན་གྱི་འཕུར་སྐྱོད་ལ་བཀག་སྡོམ་བྱེད་པའི་མ་ལག་གི་ཆ་ཤས་ཤིག་ཏུ་བརྗོད་འདུག
སྙན་ཐོས་མི་མེད་གནམ་གྲུ་ཞིག་མི་སྒེར་ངེས་ཅན་ཞིག་ལ་དམིགས་ཏེ་བེད་སྤྱད་པའམ། ཞི་རྒོལ་ངེས་ཅན་ཞིག་གི་ཐོག་འཕུར་བའི་དཔང་རྟགས་ཡིག་ཆ་དེ་དག་ནང་མེད་པའང་གསལ་པོར་བཀོད་འདུག དེའི་གཙོ་གནད་ནི་ལྟ་ཞིབ་ཡོ་བྱད་གང་དུ་བཙུགས་ཡོད་པ་དང་། མཁའ་དབྱིངས་ཚོད་འཛིན་གྱི་མ་ལག་ཇི་ལྟར་རྒྱ་བསྐྱེད་བྱས་ཡོད་པ་དེ་ཡིན།
མཐའ་མར་ Tibet Watch ཡིས་ཨིན་ཡུལ་དང་ཨ་རི། ཡུ་རོབ་མནའ་འབྲེལ་བཅས་ལ། བོད་ནང་གི་མཁའ་ཐོག་ལྟ་ཞིབ་དང་དེའི་འགྲོ་བ་མིའི་ཐོབ་ཐང་ཐོག་གི་ཉེན་ཁར་ཞིབ་འཇུག་བྱ་དགོས་པའི་འབོད་སྐུལ་བྱས་འདུག དེ་དང་མཉམ་དུ་ཚོང་པ་དང་མ་འཛུགས་པ་རྣམས་ཀྱིས་ DJI ཡི་ཚོང་ལས་འབྲེལ་བ་དང་ཐོབ་ཐང་ཉེན་ཁའི་ཐད་ཞིབ་བཤེར་ནན་པོ་མ་བྱས་བར། ཐོན་རྫས་འཚོང་བ་དང་མ་འཛུགས་བྱེད་པ་གནས་སྐབས་མཚམས་འཇོག་བྱ་དགོས་པའི་རེ་འབོད་བཏོན་འདུག
