རྫུ་འཕྲུལ་མེད་པའི་རྐྱེན་གྱིས་བོད་ཀྱི་སྲིད་སྐྱོང་ལ་རྒྱ་ནག་གཞུང་གིས་ཡ་ལན་མ་སྤྲད་པ།

ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༡༡ ཉིན། VOK Tibetan News

ཕྱི་ཟླ་ ༡༠ ཚེས་ ༡༠ ཉིན་སུད་སིའི་ Zürich གྲོང་ཁྱེར་དུ་བོད་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མང་ཚོགས་ལ་གསུང་བཤད་གནང་སྐབས། བོད་དང་རྒྱ་ནག་དབར་གྱི་འབྲེལ་ལམ་དང་གྲོས་མོལ་གྱི་གནས་སྟངས་ཐད་གལ་ཆེའི་གླེང་མོལ་བྱུང་ཡོད།

དེའི་སྐབས་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་ཕྱོགས་ནས་འབྲེལ་བ་བྱེད་རྒྱུར་ཡ་ལན་མི་སྤྲོད་པ་དང་། གྲོས་མོལ་གྱི་ལམ་ཁ་ཞིག་འཚོལ་རྒྱུར་དཀའ་ངལ་འཕྲད་བཞིན་པའི་སྐོར་གསུངས་བྱུང་།

ཁོང་གི་གསུང་དོན་ལྟར་ན། རྒྱ་ནག་གཞུང་གིས་ཡ་ལན་མ་སྤྲད་ཚེ་ཁོང་གིས་གང་ཞིག་བྱེད་ཐུབ་མིན་དང་། ཁོང་ལ་རྫུ་འཕྲུལ་ནི་མེད་ཞེས་གསུང་བཤད་གནང་ཡོད་པ་རེད། འོན་ཀྱང་། འདི་ནས་ང་ཚོས་དྲི་བ་གལ་ཆེན་ཞིག་འདོན་དགོས་པ་རེད།

རྒྱ་ནག་གཞུང་གིས་ཡ་ལན་མ་སྤྲད་ན། བོད་ཀྱི་སྲིད་སྐྱོང་གྱི་འཐབ་ཇུས་གཞན་གང་ཡོད་དམ།

བོད་དང་རྒྱ་ནག་དབར་གྱི་གྲོས་མོལ་ནི་ཕྱོགས་གཉིས་ཀས་མོས་མཐུན་དང་མཉམ་ལས་བྱས་ན་གཞི་ནས་ཡོང་ཐུབ་པ་ཞིག་ཡིན་པ་བདེན་པ་རེད། རྒྱ་ནག་གཞུང་གིས་གྲོས་མོལ་ལ་མོས་མཐུན་མ་བྱས་ཚེ། བོད་ཀྱི་འགོ་ཁྲིད་གཅིག་པུས་བཙན་ཐབས་ཀྱིས་གྲོས་མོལ་བྱེད་དུ་འཇུག་ཐབས་མེད།

ཡིན་ནའང་། ཆབ་སྲིད་འགོ་ཁྲིད་ཀྱི་འགན་འཁྲི་ནི་གྲོས་མོལ་གྱི་ལམ་ཁ་ཞིག་འགགས་པ་ཙམ་གྱིས་མཇུག་རྫོགས་པ་ཞིག་མ་རེད།

དེ་ལས་ལྡོག་སྟེ། དཀའ་ངལ་འཕྲད་པའི་སྐབས་སུ་འཐབ་ཇུས་གསར་པ་གང་ཡོད་དང་། ལས་འཆར་གང་བཟོས་ཡོད། མ་འོངས་པར་གོམ་པ་གང་འདྲ་ཞིག་སྤོ་རྒྱུ་ཡིན་མིན་བཅས་མང་ཚོགས་ལ་གསལ་བཤད་གནང་རྒྱུ་ནི་འགོ་ཁྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་རེད།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྔོན་ཆད་འོས་བསྡུའི་སྐབས་སུ་བོད་རྒྱ་འབྲེལ་ལམ་དང་གྲོས་མོལ་གྱི་ལས་དོན་ལ་གལ་ཆེན་བརྩིས་ཡོད་པ་རེད།

དེས་ན། ད་ལྟའི་གནས་སྟངས་འོག་སྔོན་ཆད་ཀྱི་ཁས་ལེན་དང་ལས་འཆར་དེ་དག་ལག་བསྟར་ག་ཚོད་བྱུང་ཡོད་མེད་དང་། གྲུབ་འབྲས་གང་ཐོན་ཡོད་མེད་ཐད་མང་ཚོགས་ཀྱིས་དྲི་བ་འདོན་པ་ནི་འོས་འཚམ་ཞིག་རེད།

ང་ཚོས་འདིར་དྲི་བ་འདོན་རྒྱུ་ནི་སྲིད་སྐྱོང་མཆོག་ལ་རྫུ་འཕྲུལ་ཡོད་མེད་ཀྱི་སྐོར་ལ་མ་རེད།

ང་ཚོས་དྲི་བ་འདོན་རྒྱུ་ནི། རྒྱ་ནག་གཞུང་གིས་འབྲེལ་བ་མ་བྱས་ན། དེའི་ཚབ་ཏུ་བོད་ཀྱི་འགོ་ཁྲིད་ཀྱིས་ཐབས་ལམ་གཞན་གང་འཚོལ་བཞིན་ཡོད་དམ་ཞེས་པ་དེ་རེད། དཔེར་ན། རྒྱལ་སྤྱིའི་སྲིད་གཞུང་ཁག་དང་འབྲེལ་ལམ་སྔར་ལས་ཤུགས་ཆེ་རུ་གཏོང་རྒྱུ་དང་། རྒྱལ་ཚོགས་ཀྱི་ལས་ཁུངས་ཁག་ཏུ་བོད་དོན་གླེང་སློང་བྱེད་རྒྱུ། བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་། སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་བཅས་ཀྱི་ཐད་ལས་འགུལ་གསར་པ་གང་འདྲ་སྤེལ་རྒྱུ་ཡིན་ནམ།

འདི་དག་ནི་མ་འོངས་པའི་འཐབ་ཇུས་སུ་བསམ་གཞིག་བྱེད་འོས་པའི་གནད་དོན་ཁག་ཅིག་རེད།

མཐའ་མར། བོད་མི་མང་ཚོགས་ཀྱིས་རང་གི་འོས་ཤོག་བླུགས་ནས་འདེམས་བསྐོ་བྱས་པའི་འགོ་ཁྲིད་ལ་དྲི་བ་འདོན་པ་ནི་དམངས་གཙོའི་ལམ་ལུགས་ཀྱི་ཆ་ཤས་གལ་ཆེན་ཞིག་རེད།

དྲི་བ་འདོན་པ་ནི་ངེས་པར་དུ་ངོ་རྒོལ་བྱེད་པ་མ་རེད། དྲི་བ་འདོན་པ་ནི་འགན་འཁྲི་དང་གསལ་བཤད་ཞུ་བའི་ཐོབ་ཐང་ཞིག་ཀྱང་རེད།

དེས་ན། སྲིད་སྐྱོང་མཆོག་ལ་ང་ཚོའི་དྲི་བ་གཙོ་བོ་ནི།

རྒྱ་ནག་གཞུང་གིས་ཡ་ལན་མ་སྤྲད་པའི་གནས་སྟངས་འོག བོད་དོན་མདུན་སྐྱོད་ཡོང་བའི་ཆེད་དུ་ཁྱེད་ཀྱི་འཐབ་ཇུས་གཞན་གང་ཡོད་དམ། བོད་མི་མང་ཚོགས་ཀྱིས་ཁྱེད་ཀྱི་འགོ་ཁྲིད་འོག་མ་འོངས་པར་ལས་དོན་དངོས་གནས་གང་ཞིག་ལ་རེ་བ་བཅོལ་ཆོག་གམ།

ཆབ་སྲིད་འགོ་ཁྲིད་ཀྱི་འགན་འཁྲི་དང་བོད་མི་མང་གི་རེ་བ།

ང་ཚོས་གནད་དོན་གལ་ཆེན་ཞིག་གསལ་པོར་ཤེས་དགོས་པ་ནི། བོད་ཀྱི་སྲིད་སྐྱོང་ཞེས་པ་དེ་སྤྱི་ཚོགས་ཀྱི་ཞབས་ཞུ་དང་ཉིན་རེའི་འཛིན་སྐྱོང་ལས་དོན་ཙམ་ལ་འགན་འཁུར་མཁན་ཞིག་མ་རེད། བོད་མི་མང་གི་ཆབ་སྲིད་ཀྱི་མ་འོངས་པ་དང་། བོད་དོན་ཐག་གཅོད་ཀྱི་ཐབས་ལམ་འཚོལ་རྒྱུ། ལྷག་པར་དུ་བོད་རྒྱ་འབྲེལ་ལམ་ལ་ཡར་རྒྱས་གཏོང་རྒྱུ་བཅས་ནི་སྲིད་སྐྱོང་གི་འགན་འཁྲི་གཙོ་བོའི་གྲས་ཤིག་ཡིན་དགོས།

ཕྱི་ལོ་ ༢༠༡༡ ལོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་དབང་ཆ་འོས་བསྡུས་བདམས་པའི་འགོ་ཁྲིད་ལ་རྩིས་སྤྲད་གནང་བ་དེ་ནི། བོད་མི་མང་གིས་རང་གི་ཆབ་སྲིད་ཀྱི་འགན་འཁྲི་རང་ཉིད་ཀྱིས་འཁུར་དགོས་པའི་དམངས་གཙོའི་འཕེལ་རིམ་གལ་ཆེན་ཞིག་རེད། དེས་ན་སྲིད་སྐྱོང་གི་གོ་གནས་དེ་ནི་མཚན་གནས་ཙམ་མ་ཡིན་པར། བོད་མི་མང་གི་རེ་བ་དང་ཡིད་ཆེས། ཆབ་སྲིད་ཀྱི་འགན་འཁྲི་ལྕི་མོ་ཞིག་ཀྱང་ཡིན།

རྒྱ་ནག་གཞུང་གིས་འབྲེལ་བ་བྱེད་རྒྱུར་ཡ་ལན་མ་སྤྲད་པ་ནི་དཀའ་ངལ་དངོས་ཡོད་ཅིག་ཡིན་པ་ང་ཚོས་ཤེས་ཀྱི་ཡོད། འོན་ཀྱང་། དཀའ་ངལ་དེ་གཅིག་པུས་ཆབ་སྲིད་འགོ་ཁྲིད་ཀྱི་འགན་འཁྲི་ལས་ཐར་ཐུབ་པ་མ་རེད། འགོ་ཁྲིད་ཅིག་གི་འཇོན་ཐང་ནི་གནས་སྟངས་བདེ་བའི་སྐབས་སུ་མ་ཡིན་པར། དཀའ་ངལ་ཆེ་བའི་སྐབས་སུ་ཐབས་ལམ་གསར་པ་འཚོལ་ཐུབ་མིན་དང་། མང་ཚོགས་ལ་རེ་བ་དང་ཡིད་ཆེས་སྤྲོད་ཐུབ་མིན་ལ་བརྟེན་ནས་ཚད་འཇལ་དགོས།

གལ་ཏེ་འགོ་ཁྲིད་ཅིག་གིས་མང་ཚོགས་མདུན་དུ་“རྒྱ་ནག་གིས་ཡ་ལན་མི་སྤྲོད། ངས་གང་བྱེད་ཐུབ་བམ།” ཞེས་པ་ཙམ་བཤད་ནས་བསྡད་ཚེ། མང་ཚོགས་ཀྱི་སེམས་ནང་རེ་བ་ཉམས་པ་དང་མ་འོངས་པར་ཡིད་ཆེས་ཉམས་པའི་ཉེན་ཁ་ཡོད། བོད་མི་མང་ལ་དགོས་པ་ནི་དཀའ་ངལ་གྱི་གསལ་བཤད་ཙམ་མ་རེད། དཀའ་ངལ་དེ་ལས་བརྒལ་བའི་འཐབ་ཇུས་དང་། ལས་འཆར་གསལ་པོ། མ་འོངས་པའི་རེ་བ་བཅས་རེད།

འགོ་ཁྲིད་ཅིག་གི་ལས་འགན་ནི་མང་ཚོགས་ལ་དཀའ་ངལ་ག་ཚོད་ཡོད་པ་བཤད་རྒྱུ་ཙམ་མ་རེད། དཀའ་ངལ་དེའི་ཁྲོད་ནས་ཐབས་ལམ་གང་ཡོད་པ་སྟོན་རྒྱུ་དང་། མང་ཚོགས་ཀྱི་རེ་བ་དང་ཡིད་ཆེས་སྲུང་སྐྱོབ་བྱེད་རྒྱུ་དེ་རེད།

དེས་ན་ང་ཚོས་སྲིད་སྐྱོང་སྤེན་པ་ཚེ་རིངམཆོག་ལ་དྲི་བ་གསལ་པོ་ཞིག་འདོན་འདོད་ཡོད། རྒྱ་ནག་གཞུང་གིས་ཡ་ལན་མ་སྤྲད་ཚེ། དེའི་ཚབ་ཏུ་ཁྱེད་ཀྱིས་འཐབ་ཇུས་གཞན་གང་ཞིག་བཟོས་ཡོད་དམ། བོད་རྒྱ་འབྲེལ་ལམ་སླར་གསོ་བྱེད་རྒྱུའི་ཆེད་དུ་ད་བར་ལས་དོན་དངོས་སུ་གང་དང་གང་སྒྲུབ་ཡོད་དམ། མ་འོངས་པར་བོད་མི་མང་གིས་ཁྱེད་ཀྱི་འགོ་ཁྲིད་འོག་གྲུབ་འབྲས་གང་ཞིག་ལ་རེ་བ་བཅོལ་ཆོག་གམ།

བོད་མི་མང་གིས་འགོ་ཁྲིད་ཅིག་འདེམས་བསྐོ་བྱས་པ་ནི་དཀའ་ངལ་མེད་པའི་སྐབས་སུ་འགོ་ཁྲིད་བྱེད་རྒྱུའི་ཆེད་ཙམ་མ་རེད། དཀའ་ངལ་འཕྲད་པའི་སྐབས་སུའང་ལམ་སྟོན་དང་འགན་འཁྲི་འཁུར་ཐུབ་དགོས་ཡོད།

བོད་རྒྱ་གྲོས་མོལ་ལ་རེ་བ་མེད་ན། དབུ་མའི་ལམ་གྱི་མ་འོངས་པ་གང་ཡིན་ནམ།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མང་ཚོགས་ལ་གསུང་བཤད་གནང་སྐབས། བོད་རྒྱ་འབྲེལ་ལམ་དང་གྲོས་མོལ་གྱི་མ་འོངས་པ། དབུ་མའི་ལམ་གྱི་འཐབ་ཇུས། དེ་བཞིན་རྒྱ་ནག་གི་ད་ལྟའི་ཆབ་སྲིད་གནས་སྟངས་བཅས་ཀྱི་ཐད་དྲི་བ་གལ་ཆེན་ཁག་ཅིག་བྱུང་ཡོད།

ངས་སྐབས་དེར་སྲིད་སྐྱོང་མཆོག་ལ་དྲི་བ་ཞིག་ཕུལ་བ་ནི། རྒྱ་ནག་གི་ད་ལྟའི་འགོ་ཁྲིད་ལ་ཡིད་ཆེས་དང་རེ་བ་བྱེད་དཀའ་བའི་གནས་སྟངས་འོག བོད་རྒྱ་གྲོས་མོལ་གྱི་མ་འོངས་པར་ང་ཚོས་རེ་བ་གང་འདྲ་ཞིག་བཅོལ་དགོས་སམ་ཞེས་པ་དེ་རེད།

དྲི་བ་འདི་ནི་སྲིད་སྐྱོང་མཆོག་ལ་མི་སྒེར་གྱི་སྐྱོན་བརྗོད་བྱེད་ཆེད་མ་ཡིན་པར། བོད་མི་མང་གི་མ་འོངས་པ་དང་ཆབ་སྲིད་ཀྱི་འཐབ་ཇུས་ལ་འབྲེལ་བའི་དྲི་བ་ཞིག་ཡིན།

སྐུ་ཚབ་ Kelsang Gyaltsen མཆོག་གི་བཞེད་ཚུལ་དང་ད་ལྟའི་ཆབ་སྲིད་གནས་སྟངས།

དེ་སྔ་ངས་བོད་རྒྱ་གྲོས་མོལ་ནང་ཐད་ཀར་ཞུགས་མྱོང་བའི་སྐུ་ཚབ་ཟུར་པ་ Kelsang Gyaltsen མཆོག་ལ་བཅར་འདྲི་ཞུས་སྐབས། ཁོང་གིས་ད་ལྟའི་རྒྱ་ནག་གི་ཆབ་སྲིད་འགོ་ཁྲིད་ཚོའི་འོག་བོད་རྒྱ་གྲོས་མོལ་ལ་གྲུབ་འབྲས་ཐོན་རྒྱུར་རེ་བ་ཆེན་པོ་མེད་པའི་བཞེད་ཚུལ་གསུངས་བྱུང་།

Kelsang Gyaltsen མཆོག་ནི་བོད་རྒྱ་གྲོས་མོལ་གྱི་ལོ་རྒྱུས་ནང་ཉམས་མྱོང་ཆེ་བའི་མི་སྣ་ཞིག་ཡིན། ཁོང་གིས་ཕྱི་ལོ་ ༢༠༠༢ ནས་བཟུང་བའི་བོད་རྒྱ་འབྲེལ་མོལ་ནང་སྐུ་ཚབ་ཀྱི་འགན་བཞེས་མྱོང་ཡོད། དེས་ན་ཁོང་གི་བཞེད་ཚུལ་ནི་སྤྱིར་བཏང་གི་ཆབ་སྲིད་དཔྱད་བརྗོད་ཙམ་མ་ཡིན་པར། རྒྱ་ནག་གི་འགོ་ཁྲིད་དང་གྲོས་མོལ་བྱས་མྱོང་བའི་ཉམས་མྱོང་ལ་གཞི་བཅོལ་བའི་ལྟ་ཚུལ་ཞིག་ཏུ་བརྩི་ཆོག

ཁ་སང་ Zürich གི་གསུང་བཤད་སྐབས་སུའང་ Kelsang Gyaltsen མཆོག་ཚོགས་རར་བཞུགས་ཡོད་པས། ངས་ཁོང་གི་སྔོན་མའི་བཞེད་ཚུལ་དེ་དྲན་གསོ་ཞུས་པ་ཡིན། དེ་བཞིན་སྲིད་སྐྱོང་ Penpa Tsering མཆོག་གིས་ཀྱང་རྒྱ་ནག་གཞུང་ཕྱོགས་ནས་འབྲེལ་བར་ཡ་ལན་མི་སྤྲོད་པ་དང་། རྒྱ་ནག་ནང་ཆབ་སྲིད་དང་དཔལ་འབྱོར་གྱི་དཀའ་ངལ་མང་པོ་ཡོད་པའི་སྐོར་གསུངས་བྱུང་། ངས་དྲི་བའི་གོ་དོན་ནི།

གལ་ཏེ་བོད་རྒྱ་གྲོས་མོལ་ལ་ད་ལྟའི་རྒྱ་ནག་གི་འགོ་ཁྲིད་ཚོའི་འོག་རེ་བ་མེད་ན། ང་ཚོས་རྒྱ་ནག་གི་ད་ལྟའི་སྲིད་དབང་ལ་འགྱུར་བ་མ་བྱུང་བར་སྒུག་ནས་བསྡད་དགོས་པ་ཡིན་ནམ། ཡང་ན་དེ་ལས་ལྷག་པའི་འཐབ་ཇུས་གསར་པ་ཞིག་ཡོད་དམ།

དྲི་བ་འདིའི་ལན་དུ་སྲིད་སྐྱོང་མཆོག་གིས་ངས་ཁོང་གི་གསུང་དོན་དང་ Kelsang Gyaltsen མཆོག་གི་བཞེད་ཚུལ་གཉིས་གཅིག་ཏུ་སྦྲེལ་ནས་གོ་བ་ལེན་པར་མོས་མཐུན་མེད་པའི་དོན་གསུངས་བྱུང་།

འདིར་གསལ་བཤད་ཞུ་དགོས་པ་ཞིག་ནི། རྒྱ་ནག་གི་ད་ལྟའི་འགོ་ཁྲིད་ལ་ཡིད་ཆེས་མེད་པ་དང་། རྒྱ་ནག་གི་སྲིད་དབང་འགྱུར་བར་སྒུག་དགོས་པ་གཉིས་ནི་གཅིག་མཚུངས་མ་རེད།

འོན་ཀྱང་། གལ་ཏེ་ད་ལྟའི་འགོ་ཁྲིད་ལ་ཡིད་ཆེས་མེད་ལ། གྲོས་མོལ་ལའང་ཡར་རྒྱས་མེད་ན། དེའི་ཚབ་ཏུ་གང་ཞིག་བྱེད་རྒྱུ་ཡིན་མིན་གསལ་པོར་བཤད་དགོས་པ་ནི་ཆབ་སྲིད་འགོ་ཁྲིད་ཀྱི་འགན་འཁྲི་ཞིག་རེད།

འདི་ནི་མི་སྒེར་ཞིག་ལ་དམིགས་པའི་སྐྱོན་བརྗོད་མ་ཡིན་པར། བོད་ཀྱི་ཆབ་སྲིད་ཀྱི་མ་འོངས་པ་དང་མང་ཚོགས་ཀྱི་རེ་བར་འབྲེལ་བའི་འགན་འཁྲིའི་དྲི་བ་ཞིག་རེད།

VOK Tibetan News — Voice of Kharnang

ཁྱེད་རང་ཚོའི་བསམ་ཚུལ་གང་ཡིན་ནམ། རྒྱ་ནག་གཞུང་གིས་གྲོས་མོལ་ལ་ཡ་ལན་མ་སྤྲད་ཚེ། བོད་ཀྱི་འགོ་ཁྲིད་ཀྱིས་གཙོ་བོ་གང་ཞིག་ལ་ཤུགས་རྒྱག་དགོས་སམ།

ཁྱེད་རང་ཚོའི་བསམ་ཚུལ་མཆན་འགོད་གནང་རོགས།

VOK Tibetan News — Voice of Kharnang