ཕྱི་ལོ་ ༢༠༢༧ ལོའི་ ཧྥ་རན་སིའི་སྲིད་འཛིན་འོས་བསྡུ། ཆབ་སྲིད་ཚོགས་པ་ཆེ་ཁག་གི་སྲིད་ཇུས།

གསར་འགྱུར་དང་དཔྱད་ཞིབ། |

༢༠༢༦ ལོའི་ཟླ་ ༡༠ ཚེས་ ༢༠

ཧྥ་རན་སི་ནི་ ༢༠༢༧ ལོའི་སྲིད་འཛིན་འོས་བསྡུའི་སྟ་གོན་བྱེད་བཞིན་ཡོད་ཅིང་། འོས་བསྡུ་དེས་རྒྱལ་ཁབ་ཀྱི་མ་འོངས་ཆབ་སྲིད་ཁ་ཕྱོགས་གཏན་འབེབས་བྱ་རྒྱུ་མ་ཟད། ཡོ་རོབ་སྤྱི་མཐུན་མཉམ་འབྲེལ་དང་རྒྱལ་སྤྱིའི་ཆབ་སྲིད་ལའང་ཤུགས་རྐྱེན་གལ་ཆེན་ཐེབས་སྲིད།

ད་ལྟའི་འཆར་གཞི་ལྟར་ན། སྔོན་འགྲོའི་འོས་བསྡུས་ ༢༠༢༧ ལོའི་ཟླ་ ༤ ཚེས་ ༡༨ ཉིན་དང་། གལ་ཏེ་སྔོན་འགྲོའི་འོས་བསྡུས་ནང་འོས་མང་མོས་ཐོབ་མཁན་མ་བྱུང་ཚེ། འོས་བསྡུ་གཉིས་པ་ཟླ་ ༥ ཚེས་ ༢ ཉིན་བྱ་རྒྱུ་ཡིན། སྲིད་འཛིན་ཨེ་མཱ་ནུའེལ་ མཱཀ་རོན་ (Emmanuel Macron) ལ་སྲིད་འཛིན་ལས་ཡུན་གསུམ་པར་འགྲན་ཞུགས་བྱེད་མི་ཆོག་པས། འོས་བསྡུ་འདི་ནི་ཁོང་གི་སྲིད་འཛིན་ལས་ཡུན་རྗེས་ཀྱི་སྲིད་འཛིན་གསར་པ་འདེམས་པའི་འོས་བསྡུ་ཞིག་ཡིན།

འོས་བསྡུའི་གྲོས་གཞི་གཙོ་བོའི་ཁྲོད་དུ་རྒྱུན་གྲོན་འཕར་ཆ། ཕྱི་མི་གནས་སྤོ་དང་འབྲེལ་བའི་སྲིད་བྱུས། བདེ་འཇགས། དཔལ་འབྱོར། ཡོ་རོབ་སྤྱི་མཐུན་མཉམ་འབྲེལ་དང་། རྒྱལ་སྤྱིའི་ནང་ཧྥ་རན་སིའི་འགན་འཁྲི་བཅས་ཚུད་ཡོད།

ད་ལྟའི་ཆར་རྒྱལ་ཡོངས་ཀྱི་ཆབ་སྲིད་ཚོགས་པ་གཙོ་བོ་ཁག་གིས་རང་རང་གི་འོས་མི་དང་སྲིད་ཇུས་གྲ་སྒྲིག་བྱེད་བཞིན་ཡོད། འོན་ཀྱང་། འོས་མི་ཚང་མའི་མིང་ཐོ་དང་སྲིད་ཇུས་ཡོངས་རྫོགས་ད་དུང་གཏན་འབེབས་བྱས་མེད།

ཧྥ་རན་སིའི་ཆབ་སྲིད་ཚོགས་པ་གཙོ་བོ་དང་དེ་དག་གི་སྲིད་ཇུས།

༡། རྒྱལ་ཡོངས་མང་གཙོ་ཚོགས་པ། (Rassemblement National — RN)

ཆབ་སྲིད་ཀྱི་ལྟ་བ། གཡས་ཤོག་རིང་ལུགས།

འོས་མི་གཙོ་བོ། མ་རིན་ ལེ་པེན་ (Marine Le Pen)

རྒྱལ་ཡོངས་མང་གཙོ་ཚོགས་པ་ནི། ད་ལྟའི་ཆར་སྲིད་འཛིན་འོས་བསྡུའི་ནང་འགྲན་རྩོད་ཤུགས་ཆེ་ཤོས་ཀྱི་ཚོགས་པ་ཞིག་ཡིན། ཚོགས་པ་དེས་ཧྥ་རན་སིའི་རྒྱལ་ཁབ་ཀྱི་ངོ་བོ་དང་རྒྱལ་ཁབ་ཀྱི་དབང་ཆ། མི་སེར་གྱི་བདེ་འཇགས་བཅས་ལ་གཙོ་བོར་དམིགས་ཀྱི་ཡོད།

སྲིད་ཇུས་གཙོ་བོ།

  • ཕྱི་མི་གནས་སྤོ་ལ་ཚོད་འཛིན་དང་། ཧྥ་རན་སིའི་མི་སེར་གྱི་ཐོབ་ཐང་གི་ཆ་རྐྱེན་དམ་དུ་གཏོང་བ།
  • མི་སེར་གྱི་ཕན་བདེ་དང་སྤྱི་ཚོགས་ཞབས་ཞུ་ཁག་ཅིག་ནང་ཧྥ་རན་སིའི་མི་སེར་ལ་གཙོ་བོར་དམིགས་པ།
  • ནུས་ཁྲལ་གཅོག་པ་ལྟ་བུའི་ཐབས་ལམ་བརྒྱུད་འཚོ་བའི་འགྲོ་གྲོན་ཆུང་དུ་གཏོང་བ།
  • ཉེས་གསོག་ལ་ཉེས་ཆད་དམ་དུ་གཏོང་བ་དང་། སྤྱི་བདེ་སྲུང་སྐྱོབ་ལས་ཁུངས་ཀྱི་ལས་འགན་སྟོབས་ཆེར་གཏོང་བ།
  • ཡོ་རོབ་མཉམ་འབྲེལ་གྱི་དབང་ཆ་ཉུང་དུ་གཏོང་བ་དང་། ཧྥ་རན་སིའི་རྒྱལ་ཁབ་ཀྱི་རང་དབང་སྲུང་སྐྱོབ་བྱེད་པ།

ཚོགས་པ་དེས་རྒྱལ་ཁབ་ཀྱི་ངོ་བོ་དང་མི་སེར་གྱི་བདེ་འཇགས། འཚོ་བའི་གླ་ཆ་བཅས་སྲུང་སྐྱོབ་བྱེད་པའི་ཁས་ལེན་བྱེད་ཀྱི་ཡོད། འོན་ཀྱང་། དེའི་གནས་སྤོ་དང་མི་སེར་གྱི་ཐོབ་ཐང་སྲིད་ཇུས་ཁག་ལ་དགག་པ་བྱེད་མཁན་ཡོད་ཅིང་། དེ་དག་གིས་དབྱེ་འབྱེད་དང་ཁྲིམས་མཐུན་ཐོབ་ཐང་གི་གནད་དོན་བསླངས་ཡོད།

༢། ཧྥ་རན་སིའི་རང་དབང་ཚོགས་པ། (La France Insoumise — LFI)

ཆབ་སྲིད་ཀྱི་ལྟ་བ། གཡོན་ཤོག

འོས་མི་གཙོ་བོ། ཇན་-ལུག་ མེ་ལན་ཤོན་ (Jean-Luc Mélenchon)

ཇན་-ལུག་ མེ་ལན་ཤོན་གྱིས་སླར་ཡང་སྲིད་འཛིན་འོས་བསྡུར་འགྲན་ཞུགས་བྱེད་རྒྱུའི་ཁས་ལེན་བྱས་ཡོད། ཁོང་གི་ཚོགས་པས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཁྱད་པར་ཇེ་ཆུང་དུ་གཏོང་བ་དང་། མང་ཚོགས་ཀྱི་འཚོ་བའི་གནས་བབ་བཟང་དུ་གཏོང་བར་རྒྱལ་ཁབ་ཀྱི་འགན་འཁྲི་ཆེ་རུ་གཏོང་དགོས་པར་འདོད།

སྲིད་ཇུས་གཙོ་བོ།

  • གླ་ཕོགས་འཕར་བ་དང་མི་སེར་གྱི་ཉོ་ནུས་སྲུང་སྐྱོབ་བྱེད་པ།
  • འབྱོར་ལྡན་དང་ཁེ་ལས་ཆེ་ཁག་ལ་ཁྲལ་མང་བ་བཀལ་བ།
  • སྨན་བཅོས་དང་ཤེས་ཡོན། སྤྱི་ཚོགས་ཕན་བདེའི་ཞབས་ཞུ་རྒྱ་སྐྱེད་བྱེད་པ།
  • ངལ་རྩོལ་པའི་ཐོབ་ཐང་སྲུང་སྐྱོབ་དང་། རྒས་ཕོགས་ལམ་ལུགས་བསྐྱར་བཅོས་ཀྱི་ཁ་ཕྱོགས་ལ་དགག་པ་བྱེད་པ།
  • ཁོར་ཡུག་སྲུང་སྐྱོབ་དང་ལྗང་མདོག་དཔལ་འབྱོར་ལ་མ་དངུལ་མང་དུ་གཏོང་བ།
  • ཡོ་རོབ་མཉམ་འབྲེལ་གྱི་དཔལ་འབྱོར་སྲིད་ཇུས་དང་ NATO བཅས་ལ་ཧྥ་རན་སིའི་འབྲེལ་བ་བསྐྱར་ཞིབ་བྱེད་པ།

ཚོགས་པ་འདིས་སྤྱི་ཚོགས་ཀྱི་འདྲ་མཉམ་མིན་པའི་གནས་བབ་ཇེ་ཆུང་དུ་གཏོང་བ་དང་། མི་སེར་གྱི་འཚོ་བ་ལེགས་སུ་གཏོང་བ་ནི་རང་གི་གཙོ་གནད་ཡིན་པར་བཤད་ཀྱི་ཡོད། འོན་ཀྱང་། ཚོགས་པ་དེའི་འགྲོ་གྲོན་འཆར་གཞི་དང་དཔལ་འབྱོར་ལ་ཤུགས་རྐྱེན་གང་འདྲ་ཐེབས་སྲིད་པའི་ཐད་ལ་ཤོག་ཁག་གཞན་གྱིས་དགག་པ་བྱེད་ཀྱི་ཡོད།

༣། པུ་ལེ་སི་པུ་བློན་ཆེན་ཚོགས་པ་དང་སྤྱི་ཚོགས་མང་གཙོ་ཚོགས་པ།

(Place Publique and the Socialist Party)

ཆབ་སྲིད་ཀྱི་ལྟ་བ། དབུས་གཡོན་ཤོག

འོས་མིའི་གྲས། ར་ཕ་ཨེལ་ གླུག་སི་མན་ (Raphaël Glucksmann)

ཟླ་ ༡༠ ཚེས་ ༡༡ ཉིན་སྤྱི་ཚོགས་མང་གཙོ་ཚོགས་པ་དང་དེའི་མཉམ་འབྲེལ་ཚོགས་པ་ཁག་གི་འོས་མི་འདེམས་སྒྲིག་བྱས་པའི་ནང་ར་ཕ་ཨེལ་  གླུག་སི་མན་ཐོན་ཡོད། ཁོང་གིས་ཧྥ་རན་སིའི་དབུས་གཡོན་ཤོག་ལ་འགྲན་ཞུགས་ཀྱི་སྟོབས་ཤུགས་གསར་པ་ཞིག་སྤྲད་ཡོད་ཀྱང་། གཡོན་ཤོག་གི་ཚོགས་པ་ཚང་མ་གཅིག་ཏུ་འདུ་ཐུབ་མིན་ད་དུང་ངེས་གཏན་མེད།

སྲིད་ཇུས་གཙོ་བོ།

  • སྤྱི་ཚོགས་ཀྱི་ཞབས་ཞུ་བཟང་དུ་གཏོང་བ་དང་འདྲ་མཉམ་མེད་པའི་གནས་བབ་ཇེ་ཆུང་དུ་གཏོང་བ།
  • ཤེས་ཡོན་དང་སྨན་བཅོས། ཁོར་ཡུག་ལ་ཕན་པའི་དཔལ་འབྱོར་བཅས་ལ་མ་དངུལ་གཏོང་བ།
  • མང་གཙོའི་ལམ་ལུགས་དང་མི་སེར་གྱི་རང་དབང་། ཁྲིམས་ཀྱི་དབང་ཚད་སྲུང་སྐྱོབ་བྱེད་པ།
  • ཡོ་རོབ་མཉམ་འབྲེལ་དང་ཡོ་རོབ་ཀྱི་མཉམ་ལས་སྲུང་སྐྱོབ་ལ་རྒྱབ་སྐྱོར་བྱེད་པ།
  • ཡུག་ཀེ་རེན་ལ་རྒྱབ་སྐྱོར་མུ་མཐུད་བྱེད་པ་དང་། ཡོ་རོབ་ཀྱི་རྒྱལ་སྲུང་ནུས་པ་སྟོབས་ཆེར་གཏོང་བ།

ཚོགས་པ་འདིས་སྤྱི་ཚོགས་མང་གཙོའི་དཔལ་འབྱོར་ལྟ་བ་དང་། ཡོ་རོབ་མཉམ་འབྲེལ་ལ་རྒྱབ་སྐྱོར། རྒྱལ་སྤྱིའི་མཉམ་ལས་བཅས་མཉམ་དུ་སྦྱོར་ཐབས་བྱེད་ཀྱི་ཡོད།

༤། རན་ནེ་སན་སི་ཚོགས་པ། (Renaissance)

ཆབ་སྲིད་ཀྱི་ལྟ་བ། དབུས་ཤོག

འོས་མིའི་གྲས། ག་བྷ་རི་ཨེལ་ ཨ་ཏཱལ་ (Gabriel Attal)

ཧྥ་རན་སིའི་བློན་ཆེན་ཟུར་པ་ག་བྷ་རི་ཨེལ་ ཨ་ཏཱལ་གྱིས་དབུས་ཤོག་གི་སྲིད་འཛིན་འོས་མི་ཞིག་གི་ངོ་བོར་རང་ཉིད་གཏོད་བཞིན་ཡོད། ཁོང་གིས་མྰེཀ་རོན་གྱི་སྲིད་འཛིན་ལས་ཡུན་གྱི་སྲིད་ཇུས་ཁག་ཅིག་མུ་མཐུད་འཛིན་རྒྱུ་དང་། རང་ཉིད་ཀྱི་ཆབ་སྲིད་ངོ་བོ་གསར་པ་ཞིག་འཛུགས་ཐབས་བྱེད་ཀྱི་ཡོད།

སྲིད་ཇུས་གཙོ་བོ།

  • ཁེ་ལས་དང་ལས་གནས། དཔལ་འབྱོར་གྱི་འགྲན་ནུས་ལ་རྒྱབ་སྐྱོར།
  • མ་དངུལ་འཇོག་པ་དང་གསར་གཏོད། ལག་རྩལ་གྱི་འཕེལ་རྒྱས་ལ་སྐུལ་སློང་།
  • ཡོ་རོབ་མཉམ་འབྲེལ་ནང་ཧྥ་རན་སིའི་གལ་གནད་ཀྱི་གོ་གནས་མུ་མཐུད་སྲུང་བ།
  • ཤེས་ཡོན་དང་ན་གཞོན་ཚོའི་འབྱུང་འགྱུར་ལ་གཙོ་གནད་སྤྲོད་པ།
  • སྤྱི་བདེ་སྲུང་སྐྱོབ་དང་དཔལ་འབྱོར་བསྐྱར་བཅོས་མཉམ་སྦྱོར་བྱེད་པ།
  • ཡོ་རོབ་ཀྱི་རྒྱལ་སྲུང་དང་རྒྱལ་སྤྱིའི་མཉམ་ལས་ལ་མུ་མཐུད་རྒྱབ་སྐྱོར།

ཚོགས་པ་འདིའི་གདོང་ལེན་གཙོ་བོ་ནི་མྰེཀ་རོན་སྲིད་གཞུང་གི་ལས་དོན་ལ་མི་སེར་གྱིས་བཏང་བའི་དཔྱད་ཞིབ་དང་། འགྱུར་བ་གསར་པ་ཞིག་འཁྱེར་ཐུབ་མིན་དེ་ཡིན།

༥། ཧོ་རི་ཟོན་ཚོགས་པ། (Horizons)

ཆབ་སྲིད་ཀྱི་ལྟ་བ། དབུས་གཡས་ཤོག

འོས་མིའི་གྲས། ཨེ་དུ་ཝར་ ཕི་ལིབ་ (Édouard Philippe)

ཧྥ་རན་སིའི་བློན་ཆེན་ཟུར་པ་ཨེ་དུ་ཝར་ ཕི་ལིབ་ཀྱིས་དབུས་ཤོག་དང་སྲོལ་རྒྱུན་གཡས་ཤོག་གི་འོས་འཕེན་པ་ཚོ་གཅིག་ཏུ་འདུ་ཐབས་བྱེད་ཀྱི་ཡོད། ཁོང་གི་སྲིད་ཇུས་ནང་དཔལ་འབྱོར་བསྐྱར་བཅོས་དང་། རྒྱལ་ཁབ་ཀྱི་ལས་འགན་བཟང་དུ་གཏོང་བར་གཙོ་གནད་སྤྲད་ཡོད།

སྲིད་ཇུས་གཙོ་བོ།

  • རྒྱལ་ཁབ་ཀྱི་དངུལ་རྩའི་གནས་བབ་ལེགས་སུ་གཏོང་བ་དང་སྲིད་གཞུང་གི་འགྲོ་གྲོན་ཚོད་འཛིན།
  • ཚོང་ལས་དང་མ་དངུལ་འཇོག་པ། ལས་གནས་གསར་འཛུགས་ལ་སྐུལ་སློང་།
  • སྲིད་གཞུང་གི་ལས་ཁུངས་བསྐྱར་བཅོས་དང་ལས་ཆོད་ཇེ་མཐོར་གཏོང་བ།
  • རྒྱལ་སྲུང་དང་ཡོ་རོབ་ཀྱི་བདེ་འཇགས་ལ་ཤུགས་སྣོན།
  • དབུས་གཡས་ཤོག་གི་ལྟ་བ་ལྟར་གནས་སྤོ་དང་སྤྱི་བདེའི་གནད་དོན་ལ་ལན་འདེབས་པ།

ཕི་ལིབ་ཀྱི་གདོང་ལེན་ནི་མྰེཀ་རོན་གྱི་་ལས་ཡུན་དང་རང་ཉིད་ཀྱི་སྲིད་ཇུས་བར་ཁྱད་པར་གསལ་པོ་བཟོ་བ་དང་། གཡས་ཤོག་གི་སྲིད་ཇུས་དེ་བས་དམ་དུ་གཏོང་མཁན་གྱི་ཚོགས་པ་ཁག་དང་འགྲན་རྩོད་བྱེད་པ་དེ་ཡིན།

༦། སྲོལ་རྒྱུན་གཡས་ཤོག་ཚོགས་པ། (Les Républicains — LR)

ཆབ་སྲིད་ཀྱི་ལྟ་བ། གཡས་ཤོག

འོས་མི། བྷུ་རུ་ནོ་ རེ་ཏཱ་ཡོ་ (Bruno Retailleau)

སྲོལ་རྒྱུན་གཡས་ཤོག་གི་ཚོགས་པས་རང་གི་ཚོགས་གཙོ་བྷུ་རུ་ནོ་ རེ་ཏཱ་ཡོ་སྲིད་འཛིན་འོས་མིར་བདམས་ཡོད། ཚོགས་པ་དེའི་ནང་རྒྱལ་ཡོངས་མང་གཙོ་ཚོགས་པ་དང་མཉམ་ལས་བྱེད་མིན་ཐད་ནང་ཁུལ་གྱི་བསམ་ཚུལ་མི་འདྲ་བ་ཡོད།

སྲིད་ཇུས་གཙོ་བོ།

  • གནས་སྤོ་ཚོད་འཛིན་དང་ས་མཚམས་སྲུང་སྐྱོབ་དམ་དུ་གཏོང་བ།
  • ཉེས་གསོག་ལ་དེ་བས་དམ་པའི་ཉེས་ཆད་གཏོང་བ་དང་སྤྱི་བདེ་སྲུང་སྐྱོབ་ལ་ཤུགས་སྣོན།
  • སྲིད་གཞུང་གི་འགྲོ་གྲོན་གཅོག་པ་དང་དངུལ་རྩའི་འགན་འཁྲི་སྲུང་བ།
  • ཁེ་ལས་དང་དཔལ་འབྱོར་གྱི་འགྲན་ནུས་ལ་རྒྱབ་སྐྱོར།
  • རྒྱལ་ཁབ་ཀྱི་དབང་ཆ་དང་སྤྱི་བདེ། སྲོལ་རྒྱུན་རིན་ཐང་ལ་གཙོ་གནད་སྤྲོད་པ།

ཚོགས་པ་འདིས་རྒྱལ་ཡོངས་མང་གཙོ་ཚོགས་པར་སྤོ་བཞིན་པའི་འོས་འཕེན་པ་ཚོ་སླར་ཡང་རང་གི་ཕྱོགས་སུ་འགུག་ཐབས་བྱེད་བཞིན་ཡོད།

༧། ཁོར་ཡུག་ཚོགས་པ། (Les Écologistes)

ཆབ་སྲིད་ཀྱི་ལྟ་བ། ཁོར་ཡུག་དང་ལྗང་མདོག་སྲིད་ཇུས།

འོས་མི་གཙོ་བོ། མ་རིན་ ཏོན་ཌེ་ལི་ཡེ་ (Marine Tondelier)

ཁོར་ཡུག་ཚོགས་པས་ཧྥ་རན་སིའི་དཔལ་འབྱོར་དེ་ཁོར་ཡུག་ལ་གནོད་འཚེ་ཉུང་བའི་ལམ་ཕྱོགས་སུ་བསྒྱུར་དགོས་པར་འདོད། གཡོན་ཤོག་གི་ཚོགས་པ་གཞན་དང་མཉམ་དུ་འགྲན་ཞུགས་བྱེད་མིན་ནི་ད་དུང་གནད་དོན་གལ་ཆེན་ཞིག་ཡིན།

སྲིད་ཇུས་གཙོ་བོ།

  • ཉི་ནུས་དང་རླུང་ནུས་སོགས་བསྐྱར་སྐྱེད་ནུས་པ་རྒྱ་སྐྱེད་དང་། སྣུམ་དང་རང་བྱུང་སོལ་རླངས་ལ་བརྟེན་དགོས་པ་ཉུང་དུ་གཏོང་བ།
  • མི་མང་འགྲུལ་འཁོར་དང་ནུས་པ་ཕན་ཆེའི་ཁང་པ་འཛུགས་སྐྲུན་ལ་མ་དངུལ་གཏོང་བ།
  • སྐྱེ་དངོས་མང་ཉུང་དང་ཆུའི་ཐོན་ཁུངས། ཞིང་ས་སྲུང་སྐྱོབ།
  • སྤྱི་ཚོགས་འདྲ་མཉམ་དང་ཁོར་ཡུག་གི་འདྲ་མཉམ་མིན་པའི་གནས་བབ་ཇེ་ཆུང་དུ་གཏོང་བ།
  • གནམ་གཤིས་འགྱུར་བར་གྲ་སྒྲིག་དང་ཁོར་ཡུག་ལ་ཕན་པའི་ལས་གནས་གསར་འཛུགས།

ཚོགས་པ་འདིས་ཁོར་ཡུག་སྲིད་ཇུས་ཀྱི་དངུལ་རྩའི་འགན་འཁྲི་དེ་ཡོང་འབབ་དམའ་བའི་མི་སེར་ཚོར་མི་འགེལ་བར། ཁོར་ཡུག་སྲུང་སྐྱོབ་དང་འཚོ་བའི་གནས་བབ་བཟང་དུ་གཏོང་བ་གཉིས་མཉམ་དུ་འགྲོ་དགོས་པར་འདོད།

༨། རེ་ཀོན་ཀེ་ཊེ་ཚོགས་པ། (Reconquête!)

ཆབ་སྲིད་ཀྱི་ལྟ་བ། རིང་ལུགས་གཡས་ཤོག

འོས་མིའི་གྲས། ཨེ་རིག་ ཛེ་མུར་ (Éric Zemmour)

རེ་ཀོན་ཀེ་ཊེ་ཚོགས་པས་རྒྱལ་ཁབ་ཀྱི་ངོ་བོ་དང་རིག་གནས། གནས་སྤོའི་སྲིད་ཇུས་ལ་གཙོ་གནད་སྤྲོད་མཁན་གྱི་འོས་འཕེན་པ་ཚོ་འགུག་ཐབས་བྱེད་ཀྱི་ཡོད། དེ་ནི་རྒྱལ་ཡོངས་མང་གཙོ་ཚོགས་པ་དང་འགྲན་རྩོད་བྱེད་སའི་ཕྱོགས་ཤིག་ཀྱང་ཡིན།

སྲིད་ཇུས་གཙོ་བོ།

  • གནས་སྤོ་གཅོག་པ་དང་ཧྥ་རན་སིའི་མི་སེར་ཐོབ་ཐང་ཐོབ་པའི་ཆ་རྐྱེན་དམ་དུ་གཏོང་བ།
  • ཧྥ་རན་སིའི་རྒྱལ་ཁབ་ཀྱི་ངོ་བོ་དང་རིག་གནས་སྲུང་སྐྱོབ།
  • ཉེས་གསོག་ལ་དེ་བས་དམ་པའི་ཉེས་ཆད་དང་སྤྱི་བདེ་སྲིད་ཇུས།
  • ཡོ་རོབ་མཉམ་འབྲེལ་ལ་བརྟེན་དགོས་པ་ཉུང་དུ་གཏོང་བ།
  • སྲོལ་རྒྱུན་རིག་གནས་དང་ཤེས་ཡོན་ལ་གཙོ་གནད་སྤྲོད་པ།

རེ་ཀོན་ཀེ་ཊེ་ཚོགས་པ་དང་རྒྱལ་ཡོངས་མང་གཙོ་ཚོགས་པ་གཉིས་ཀས་གནས་སྤོ་དང་རྒྱལ་ཁབ་ཀྱི་ངོ་བོར་གཙོ་གནད་སྤྲོད་ཀྱང་། རེ་ཀོན་ཀེ་ཊེ་ཚོགས་པའི་ལྟ་བ་དེ་བས་དམ་ཞིང་རྩ་བའི་འགྱུར་བ་འདོད་མཁན་ཡིན་པར་བརྩི་ཡི་ཡོད།

དེ་མིན་གྱི་ཆབ་སྲིད་ཚོགས་པ་གལ་ཆེ་ཁག

  • ཧྥ་རན་སིའི་དམར་ཤོག་ཚོགས་པ། (PCF) — ངལ་རྩོལ་པའི་ཐོབ་ཐང་དང་གླ་ཕོགས་འཕར་བ། སྤྱི་ཚོགས་ཞབས་ཞུ་རྒྱ་སྐྱེད། གལ་ཆེའི་བཟོ་ལས་ཁག་ལ་རྒྱལ་ཁབ་ཀྱི་ཚོད་འཛིན་སྟོབས་ཆེར་གཏོང་བ་བཅས་ལ་གཙོ་གནད་སྤྲོད་ཀྱི་ཡོད།
  • གཡོན་ཤོག་གི་འགུལ་སྐྱོད་གཞན་ཁག — ཧྥ་རན་སིའི་གཡོན་ཤོག་གི་ནང་ཕུ་རན་སོ་ཨ་ རུ་ཕིན་ (François Ruffin) ལྟ་བུའི་ཆབ་སྲིད་པ་ཚོས་སྤྱི་ཚོགས་བསྐྱར་བཅོས་དང་ཁོར་ཡུག་སྲིད་ཇུས། མང་གཙོའི་བསྐྱར་བཅོས་བཅས་ལ་གཙོ་གནད་སྤྲོད་ཀྱི་ཡོད།
  • གཡས་ཤོག་དང་རྒྱལ་ཞེན་རིང་ལུགས་པའི་འོས་མི་གཞན་ཁག — ནི་ཀོ་ལ་ཌུ་པོན་-ཨེན་ཡན་ (Nicolas Dupont-Aignan) དང་ཌ་བིཌ་ ལི་སི་ནར་ (David Lisnard) ལྟ་བུའི་ཆབ་སྲིད་པ་ཚོའང་འོས་བསྡུའི་གྲ་སྒྲིག་དང་འབྲེལ་བའི་ཁྲོད་དུ་གླེང་གཞིར་གྱུར་ཡོད།

འོས་བསྡུའི་མཇུག་འབྲས་ལ་ཤུགས་རྐྱེན་ཐེབས་སྲིད་པའི་གནད་དོན་གཙོ་བོ་གསུམ།

༡། འཚོ་བའི་འགྲོ་གྲོན་དང་དཔལ་འབྱོར།

མི་སེར་ཚོས་གླ་ཕོགས་དང་ཁྲལ། སྣུམ་རིན། ཁང་པའི་གླ་ཆ། རྒས་ཕོགས་དང་རྒྱལ་ཁབ་ཀྱི་དངུལ་རྩའི་གནས་བབ་བཅས་ལ་འོས་མི་ཚོས་གང་འདྲའི་ལན་འདེབས་བྱེད་མིན་ལ་དཔྱད་ཞིབ་བྱེད་རྒྱུ་ཡིན། རྩོད་གཞི་གཙོ་བོ་ནི་རྒྱལ་ཁབ་ཀྱི་འགྲོ་གྲོན་གཅོག་དགོས་སམ། ཁྲལ་གཅོག་དགོས་སམ། ཡང་ན་སྤྱི་ཚོགས་ཞབས་ཞུ་དང་མི་སེར་ལ་ཐད་ཀར་ཕན་པའི་མ་དངུལ་མང་དུ་གཏོང་དགོས་སམ་ཞེས་པ་དེ་ཡིན།

༢། གནས་སྤོ་དང་བདེ་འཇགས། རྒྱལ་ཁབ་ཀྱི་ངོ་བོ།

རྒྱལ་ཡོངས་མང་གཙོ་ཚོགས་པ་དང་སྲོལ་རྒྱུན་གཡས་ཤོག་ཚོགས་པས། ཕྱི་མི་གནས་སྤོ་ཚོད་འཛིན་དང་སྤྱི་བདེར་གཙོ་གནད་སྤྲོད་ཀྱི་ཡོད། གཡོན་ཤོག་གི་ཚོགས་པ་ཚོས་མི་སེར་གྱི་རང་དབང་དང་མི་རིགས་གཞན་ལ་དབྱེ་འབྱེད་མི་བྱེད་པ། སྤྱི་ཚོགས་ནང་མཉམ་འདྲེས་བཅས་ལ་གཙོ་གནད་སྤྲོད་ཀྱི་ཡོད། དབུས་ཤོག་གི་ཚོགས་པ་ཚོས་ས་མཚམས་དོ་དམ་དང་ཁྲིམས་མཐུན་འགན་འཁྲི་གཉིས་དོ་མཉམ་བཟོ་ཐབས་བྱེད་སྲིད།

༣། ཡོ་རོབ་དང་རྒྱལ་སྤྱིའི་འབྲེལ་བ།

འོས་བསྡུ་འདིས་ཡོ་རོབ་མཉམ་འབྲེལ་དང་། NATO དང་ཡུག་ཀེ་རེན་ལ་རྒྱབ་སྐྱོར། ཨ་རི་དང་རྒྱ་ནག་ལ་འབྲེལ་བ། ཁོར་ཡུག་སྲིད་ཇུས། རྒྱལ་སྲུང་འགྲོ་གྲོན་བཅས་ཀྱི་ཐད་ཧྥ་རན་སིའི་ཁ་ཕྱོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད། ཚོགས་པ་ཁག་གིས་ཡོ་རོབ་ཀྱི་ལས་འགན་དང་ཧྥ་རན་སིའི་རང་དབང་བར་དོ་མཉམ་གང་འདྲ་བཟོ་དགོས་མིན་ཐད་ལྟ་བ་མི་འདྲ་བ་ཡོད།

མིག་སྔའི་འོས་འཕེན་པའི་བསམ་ཚུལ་གང་འདྲ་ཡིན་ནམ།

རོའུ་ཊར་གསར་འགྱུར་ལས་ཟླ་ ༡༠ ཚེས་ ༡༤ ཉིན་སྤེལ་བའི་མང་ཚོགས་བསམ་ཚུལ་ཞིབ་འཇུག་ལྟར་ན། ཨོ་ཌོ་ཛ་ (Odoxa) ཞེས་པའི་ཞིབ་འཇུག་ལས་ཁང་གིས་ཟླ་ ༩ ཚེས་ ༢༤ ནས་ཟླ་ ༡༠ ཚེས་ ༧ བར་མི་ ༡༢,༠༠༠ ལ་བསམ་ཚུལ་བསྡུས་ཏེ་བཏོན་པའི་གྲངས་ཐོའི་ནང་། མ་རིན་ ལེ་པེན་གྱིས་འོས་བསྡུའི་དང་པོར་འོས་གྲངས་ ༣༧ ནས་ ༣༨ བརྒྱ་ཆ་ཐོབ་སྲིད་པའི་ཚོད་དཔག་བྱས་ཡོད།

ཇན་-ལུག་ མེ་ལན་ཤོན་ལ་ ༡༨ ནས་ ༡༨.༥ བརྒྱ་ཆ་ཐོབ་སྲིད་པ་དང་། མེ་ལན་ཤོན་དང་ལེ་པེན་མཉམ་དུ་འགྲན་ཞུགས་བྱེད་པའི་ཚོད་དཔག་ཁག་ཅིག་ནང་ཨེ་དུ་ཝར་ ཕི་ལིབ་ལ་ ༡༧ བརྒྱ་ཆ་ཐོབ་སྲིད་པར་བཤད་ཡོད།

འོན་ཀྱང་། འདི་དག་ནི་འོས་བསྡུའི་གྲུབ་འབྲས་ངེས་གཏན་མ་ཡིན་པར། འོས་མི་སུ་དང་སུ་འགྲན་ཞུགས་བྱེད་པ་ལ་གཞིགས་པའི་ཚོད་དཔག་གྲངས་ཐོ་ཙམ་ཡིན།

དབུས་ཤོག་གི་ཚོགས་པ་ཁག་གི་འོས་མི་ཁ་ཐོར་དུ་གནས་པ་དང་། གཡོན་ཤོག་ནང་མཉམ་ལས་མེད་པ། རྒྱལ་ཡོངས་མང་གཙོ་ཚོགས་པའི་འོས་འཕེན་པ་མང་བ་བཅས་ནི་འོས་བསྡུའི་མཇུག་འབྲས་ལ་ཤུགས་རྐྱེན་ཐེབས་སྲིད་པའི་རྐྱེན་གཙོ་བོ་ཡིན།

མཇུག་བསྡུ།

ཧྥ་རན་སིའི་ ༢༠༢༧ ལོའི་སྲིད་འཛིན་འོས་བསྡུ་ནི་རྒྱལ་ཁབ་དེའི་དཔལ་འབྱོར་ཀྱི་ཁ་ཕྱོགས་དང་། གནས་སྤོའི་སྲིད་ཇུས། སྤྱི་ཚོགས་ཀྱི་ལམ་ལུགས། རྒྱལ་སྤྱིའི་གོ་གནས་བཅས་ལ་འབྲེལ་བའི་འགྲན་རྩོད་གལ་ཆེན་ཞིག་ཏུ་གྱུར་ཡོད།

རྒྱལ་ཡོངས་མང་གཙོ་ཚོགས་པས་རང་གི་འོས་འཕེན་པའི་རྒྱབ་སྐྱོར་དེ་སྲིད་འཛིན་གྱི་རྒྱལ་ཁར་བསྒྱུར་ཐབས་བྱེད་བཞིན་ཡོད། གཡོན་ཤོག་གི་ཚོགས་པ་ཚོས་ནང་ཁུལ་གྱི་ཁྱད་པར་སེལ་ཏེ། འགྲན་ནུས་ལྡན་པའི་འོས་མི་ཞིག་བཏོན་ཐུབ་མིན་ལ་བལྟ་དགོས། དབུས་ཤོག་དང་དབུས་གཡས་ཤོག་གི་འོས་མི་ཚོས་ཀྱང་མྰེཀ་རོན་སྲིད་གཞུང་གི་ལས་ཡུན་རྗེས་སུ་མི་སེར་ལ་ཁ་གསལ་བའི་ཁ་ཕྱོགས་གསར་པ་ཞིག་སྟོན་ཐུབ་མིན་གལ་ཆེན་ཡིན།

ཧྥ་རན་སི་ནི་ཡོ་རོབ་མཉམ་འབྲེལ་གྱི་རྒྱལ་ཁབ་གལ་ཆེ་ཤོས་གྲས་ཤིག་དང་། ཉིང་རྡུལ་མཚོན་ཆ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པས། དེའི་སྲིད་འཛིན་གསར་པའི་སྲིད་ཇུས་ཀྱིས་ཡོ་རོབ་ཀྱི་བདེ་འཇགས་དང་ཕྱི་འབྲེལ། དཔལ་འབྱོར་བཅས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད།

དེར་བརྟེན། འོས་བསྡུ་འདི་ནི་ཧྥ་རན་སིའི་མི་སེར་གྱི་འོས་འཕེན་གྱི་གདམ་ག་ཙམ་མ་ཡིན་པར། ཡོ་རོབ་དང་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འཕེལ་ཕྱོགས་ལ་ཡང་གལ་ཆེའི་ཤུགས་རྐྱེན་ཐེབས་སྲིད།


དྲན་ཐོ། གསར་འགྱུར་འདིའི་ནང་གི་འོས་མིའི་མིང་ཐོ་དང་སྲིད་ཇུས་ཀྱི་གནས་ཚུལ་ནི་ ༢༠༢༦ ལོའི་ཟླ་ ༡༠ ཚེས་ ༢༠ བར་གྱི་གནས་ཚུལ་ལ་གཞིགས་ཡོད། འོས་མི་དངོས་ཀྱི་མཐའ་མའི་མིང་ཐོ་དང་སྲིད་ཇུས་ཡོངས་རྫོགས་ད་དུང་གཏན་འབེབས་བྱས་མེད།

གསར་འགྱུར་ཁུངས།

  • Reuters — ཧྥ་རན་སིའི་ ༢༠༢༧ ལོའི་སྲིད་འཛིན་འོས་བསྡུའི་སྔོན་གྱི་མང་ཚོགས་བསམ་ཚུལ་ཞིབ་འཇུག།
  • Le Monde — འོས་མི་སུ་དང་སུ་ཡིན་མིན་དང་ཆབ་སྲིད་ཀྱི་གནས་བབ།
  • ཧྥ་རན་སིའི་སྲིད་གཞུང་གི་དྲ་ཚིགས — འོས་བསྡུའི་དུས་ཚོད་དང་འོས་འཕེན་གྱི་ཁྲིམས་ལུགས།

One thought on “ཕྱི་ལོ་ ༢༠༢༧ ལོའི་ ཧྥ་རན་སིའི་སྲིད་འཛིན་འོས་བསྡུ། ཆབ་སྲིད་ཚོགས་པ་ཆེ་ཁག་གི་སྲིད་ཇུས།”

  1. འོས་བསྡུ་དེ་ལ་མང་ཿོགས་ནས་དོ་སྣང་ཆེན་པོ་བྱེད་བཞིན་གདའ།

Leave a Reply

Your email address will not be published. Required fields are marked *