ཀིམ་ ཇོང་ ཨུན་ (Kim Jong-un) འདས་གྲོངས་སུ་ཕྱིན་ཟིན་ནམ།

པེ་ཡང་། ༢༠༢༦ ཟླ་༡༠ ཚེས་༢༠ ཉིན།

ཉེ་ཆར་དྲ་རྒྱའི་སྟེང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇོང་ཨུན་(Kim Jong-un) ཀླད་པའི་ཁྲག་རྩ་འགགས་པའི་ནད་རྐྱེན་བྱུང་སྟེ་འདས་གྲོངས་ཕྱིན་ཡོད་པའི་གནས་ཚུལ་ཞིག་སྤྱི་ཚོགས་དྲྭ་རྒྱར་ཁྱབ་པ་རེད།  གནས་ཚུལ་དེར་གཞིགས་ན་ཁོང་གློ་བུར་དུ་བརྒྱལ་ཏེ་རྒྱ་ནག་པེ་ཅིང་དུ་སྨན་བཅོས་ཆེད་བསྐྱལ་ཡང་། མཐར་གྲོངས་ཡོད་པ་དང་། ཁོང་གི་སྐུ་ཕུང་གསང་བའི་ཐོག་བྱང་ཀོ་རི་ཡར་སླར་བསྐྱལ་ཞིང། གྲོངས་ཚུལ་དེ་ད་དུང་ཕྱི་ལ་མ་བསྒྲགས་པར་བཞག་ཡོད་ཅེས་བཤད་ཡོད།

འོན་ཀྱང་། གཏམ་འཆལ་དེ་དག་ལ་ད་བར་དུ་དཔང་རྟགས་ཡིད་ཆེས་འཕེར་བ་གང་ཡང་བྱུང་མེད། གཏམ་འཆལ་དེ་དག་ཐོག་མར་ཁྱབ་ས་ནི་ཨེགསི་(X) ཞེས་པའི་དྲ་རྒྱའི་སྟེང་གི་རྒྱ་ནག་་གཞུང་ལ་དགག་པ་རྒྱག་མཁན་ཞིག་གི་སྤྱི་ཚོགས་དྲ་བའི་འཕྲིན་ཐུང་ཞིག་ཡིན་པར་གསལ་ཡོད། ཁོང་གིས་བཤད་པའི་ནང་དོན་ལ་དཔང་རྟགས་མ་བཏོན་པར་གཏམ་འཆལ་དེ་དག་ཁྱབ་ཡོད།

བྱང་ཀོ་རི་ཡས་ཀིམ་ཇོང་ཨུན་གྱི་པར་གསར་པ་བཏོན་པ།

ཟླ་༡༠ ཚེས་༢༠ ཉིན། བྱང་ཀོ་རི་ཡའི་གཞུང་འབྲེལ་གསར་འགྱུར་ལས་ཁུངས་དང་རྒྱལ་ཁབ་ཀྱི་གློག་བརྙན་ལས་ཁུངས་ཀྱིས། ཕྱི་ཟླ་༡༠ ཚེས་༡༩ ཉིན་པེ་ཡང་དུ་ཚོགས་པའི་ལྭ་བ་དང་ལྷམ་གྱི་འགྲེམས་སྟོན་ཞིག་ལ་ཀིམ་ཇོང་ཨུན་ལྟ་སྐོར་བྱས་པའི་པར་དང་བརྙན་ཐུང་བཏོན་ཡོད། པར་དེ་དག་ནང་ཁོང་གི་བཟའ་ཟླ་རི་སོལ་ཇུ་(Ri Sol-ju) དང་བུ་མོ་ཀིམ་ཇུ་ཨེ་(Kim Ju-ae) ཡང་མཉམ་དུ་ཡོད་པ་མཐོང་ཐུབ།

གཞུང་འབྲེལ་གསར་འགྱུར་ལས་ཁུངས་ཀྱིས་ཀིམ་ཇོང་ཨུན་གྱི་གྲོངས་ཟིན་པའི་དཀྲོག་གཏམ་་ལ་ཐད་ཀར་དགག་ལན་བཏབ་མེད་ནའང་། ཁོང་མཛད་སྒོ་ཞིག་ལ་ཞུགས་པའི་པར་གསར་པ་བཏོན་པ་དེས་གཏམ་འཆལ་དེ་དག་ལ་དོགས་ཟོན་དང་དགག་ལན་གྱི་ནུས་པ་ཐོན་ཡོད། ལྷག་པར་དུ། ལྷོ་ཀོ་རི་ཡའི་ཕྱི་འབྲེལ་དང་བདེ་འཇགས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཛིན་ཚོས་ཀྱང་། ཀིམ་ཇོང་ཨུན་གྲོངས་པའི་གཏམ་འཆལ་དེ་ལ་རྒྱབ་སྐྱོར་ཐུབ་པའི་ཆ་འཕྲིན་གང་ཡང་ཐོས་མ་མྱོང་ཞེས་བཤད་ཡོད།

བུ་མོའམ་སྲིང་མོས་དབང་ཆ་བཟུང་བའི་གཏམ་འཆལ།

གཏམ་འཆལ་དེ་ཁྱབ་སྐབས། ཀིམ་ཇོང་ཨུན་གྱི་སྲིང་མོ་ཀིམ་ཇོ་ཡོང་(Kim Yo-jong) གིས་དབང་ཆ་བཟུང་ཟིན་པ་དང་། རྒྱ་ནག་གིས་བྱང་ཀོ་རི་ཡའི་རྒྱལ་ས་པེ་ཡང་དུ་དམག་མི་༩,༠༠༠ བཏང་ནས་དབང་ཆ་རྗེས་འཛིན་གྱི་གནས་ཚུལ་ལ་གྲ་སྒྲིག་བྱས་ཡོད་ཅེས་པའི་གཏམ་འཆལ་ཡང་ཁྱབ་ཡོད།

འོན་ཀྱང་། གཏམ་འཆལ་དེ་དག་ལའང་དཔང་རྟགས་གང་ཡང་མེད། ཀིམ་ཇོང་ཨུན་གྱི་བུ་མོ་ཇུ་ཨེ་ཡང་ཉེ་ཆར་གཞུང་འབྲེལ་པར་ནང་མཉམ་དུ་མངོན་པ་དེ་ཙམ་གྱིས་མ་འོངས་པར་ཁོང་གི་རྗེས་འཛིན་པ་ཡིན་མིན་གཏན་འཁེལ་བཤད་ཐབས་མེད།

གཏམ་འཆལ་དེ་དག་ཅིའི་ཕྱིར་ཁྱབ་སླ་པོ་ཡིན།

བྱང་ཀོ་རི་ཡ་ནི་ཕྱི་རྒྱལ་གྱི་གསར་འགྱུར་ལས་ཁུངས་དང་དཔྱད་ཞིབ་པ་ཚོས་རྒྱལ་ཁབ་དེའི་ནང་གི་གནས་ཚུལ་རང་དབང་གིས་བརྟག་ཞིབ་བྱེད་དཀའ་བའི་རྒྱལ་ཁབ་ཅིག་ཡིན། དེར་བརྟེན། རྒྱལ་ཁབ་དེའི་འགོ་ཁྲིད་ཀྱི་བདེ་ཐང་དང་སྒེར་གྱི་གནས་ཚུལ་སྐོར་གནས་ཚུལ་གསལ་བོ་མ་ཐོབ་སྐབས། གཏམ་འཆལ་དང་དཔང་རྟགས་མེད་པའི་བཤད་ཚུལ་དག་ཁྱབ་སླ་པོ་ཡོད།

དེ་སྔོན་༢༠༢༠ ལོར་ཡང་ཀིམ་ཇོང་ཨུན་གྱི་བདེ་ཐང་ཐད་དོགས་པ་དང་གྲོངས་པའི་གཏམ་འཆལ་ཁྱབ་མྱོང་ཡོད། རྗེས་སུ་ཁོང་མི་མང་གི་མདུན་དུ་སླར་ཡང་མངོན་པས་གཏམ་འཆལ་དེ་དག་རྫུན་མ་ཡིན་པ་གསལ་བོར་བྱུང་ཡོད།

གསར་འགྱུར་ཁུངས། Yonhap News Agency དང་། The Korea Times དེ་བཞིན་ Korea JoongAng Daily

Leave a Reply

Your email address will not be published. Required fields are marked *