བོད་རིགས་གཞོན་སྐྱེས་གསུམ་གྱི་ཞི་བའི་གོམ་བགྲོད།
ཧེ་གྷེ། ནེ་དེར་ལན་ཌི། – བོད་རིགས་གཞོན་སྐྱེས་ལས་འགུལ་བ་གསུམ་གྱིས་ནེ་ཐར་ལེན་ཌི་ནང་རྟེན་གཞིན་བྱས་པའི་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ (ICC) གི་མདུན་ནས་འགོ་བཙུགས་ཏེ། བྷེལ་ཇམ་ནང་རྟེན་གཞི་བྱས་པའི་ཡུ་རོབ་གྲོས་ཚོགས་ (European Parliament) བར་སྤྱི་ལེ་ ༡༨༠ ཙམ་གྱི་གོམ་བགྲོད་ཅིག་འགོ་བཙུགས་འདུག ལས་འགུལ་འདི་ནི། རྒྱལ་སྤྱིའི་ནང་བོད་ཀྱི་གནས་སྟངས་ལ་དོ་སྣང་ཇེ་ཆེར་གཏོང་ཆེད་དང་། བོད་རང་བཙན་གྱི་དགོས་འདུན་འདོན་ཆེད་དུ་ཡིན་པ་རེད།
“བོད་རང་བཙན་དང་དྲང་བདེན་ཆེད་གོམ་བགྲོད།” ཞེས་པའི་ལས་འགུལ་དེ་ཟླ་ ༡༠ ཚེས་ ༥ ཉིན་འགོ་འཛུགས་ཤིང་། ལས་འགུལ་འདི་བྷེལ་ཇམ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་(RTYC Belgium)གོ་སྒྲིག་བྱས་ཤིང་། ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་ནི། ཕ་རན་སིར་གནས་བཞུགས་བྱམས་པ་དང་། བྷེལ་ཇམ་གནས་བཞུགས་རྡོ་རྗེ་ཚེ་རིང་དང་། བློ་བཟང་མཐའ་ཡས་བཅས་རེད།
གོམ་བགྲོད་ཀྱི་ཉིན་གཉིས་པར་ཁོང་ཚོས་ཞོགས་པ་ཆུ་ཚོད་ ༧ ཙམ་ལ་གོམ་བགྲོད་འགོ་བཙུགས་ནས། ཉིན་གུང་ཙམ་ལ་རོ་ཊར་ཌམ་ལ་སླེབས་ཡོད་པ་དང་། དེ་ནས་བྷེལ་ཇམ་གྱི་ས་མཚམས་ཕྱོགས་སུ་མུ་མཐུད་བསྐྱོད་བཞིན་ཡོད་འདུག བྷུ་ར་སེལ་དུ་སླེབས་རྗེས་ཡོ་རོབ་གྲོས་ཚོགས་འཐུས་མི་དང་གཞན་གནད་ཡོད་མི་སྣ་ཁག་ལ་མཇལ་འཕྲད་བྱ་རྒྱུ་ཡིན་པ་རེད།
ཞི་བའི་གོམ་བགྲོད་འདི་མགོ་འཛུགས་མ་བྱས་གོང་། ལས་འགུལ་གོ་སྒྲིག་པས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་(ICC)ལ་ཞུ་གཏུགས་ཤིག་ཕུལ་ནས། ཉེ་འཆར་བོད་དང་བལ་ཡུལ་ས་མཚམས་ཁུལ་དུ་ཆུ་རུད་ཁྲོད་འདས་གྲོངས་དུ་ཕྱིན་པ་དང་། རྨས་སྐྱོན་ཇི་བྱུང་སོགས་ཀྱི་ཐད་རང་དབང་གི་གསར་འགྱུར་དང་ཞིབ་འཇུག་དགོས་པའི་རེ་འདུན་བཏོན་ཡོད། དེ་མིན་ཆབ་སྲིད་བཙོན་པ། བོད་ཀྱི་བྱིས་པ་རྣམས་ཁྱིམ་ཚང་ནས་ཁ་བྲལ་དུ་བཅུག་པར་ཉེས་འཛུགས། བཙོན་ཁང་ནང་འཆི་རྐྱེན་ངོ་མ་གསལ་བོ་མེད་པ་བཅས་ཀྱི་དོན་གནད་ཀྱང་ཚུདཡོད།
ལས་འགུལ་འདི་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་དང་ཡར་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲིམས་” (Law on Promoting Ethnic Unity and Progress) ཞེས་པའི་རྒྱ་གཞུང་གི་ཁྲིམས་གསར་པར་བློ་དོགས་ཆེ་རུ་ཕྱིན་པའི་སྐབས་ཤིག་ལ་སྤེལ་བ་རེད། བོད་མིའི་ཚོགས་སྡེ་ཁག་དང་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཁག་གིས་ཁྲིམས་འདིར་སྐྱོན་བརྗོད་བྱས་ཏེ། འདིས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ཆོས་ལུགས་ཀྱི་ངོ་བོ་བཅས་ལ་སྔར་བས་བཀག་སྡོམ་བྱེད་སྲིད་པའི་ཉེན་བརྡ་བཏང་ཡོད། ཡུ་རོབ་གྲོས་ཚོགས་ཀྱིས་ཀྱང་ཁྲིམས་འདི་དང་། རྒྱ་ནག་ནང་མི་རིགས་ཀྱི་ངོ་བོ་ལ་དམ་དྲག་བྱེད་བཞིན་པའི་གནས་སྟངས་ལ་སྐྱོན་བརྗོད་བྱེད་པའི་གྲོས་ཆོད་ཅིག་བཞག་ཡོད།
ལས་འགུལ་བ་ཚོས་ད་དུང་ཉེ་ཆར་ཨ་རིའི་ནིའུ་ཡོག་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཀྱི་མདུན་དུ་རང་ལུས་མེར་བསྲེགས་གནང་ནས་སྐུ་གཤེགས་པའི་“དཔའ་བོ་བློ་དགའ་་རང་བཙན་” (Lobga Rangzen) ལགས་ཀྱི་བློས་བཏང་ལ་རྗེས་དྲན་དང་། དམ་པ་ཁོང་གིས་བོད་མི་ཡིན་ནི་ཅོག་གིས་བོད་རང་བཙན་གྱི་ཆེད་ལས་འགུལ་སྤེལ་རོགས་ཞེས་ཞལ་ཆེམས་བཞག་པ་ལྟར་ལས་འགུལ་འདི་སྤེལ་གནང་བ་ཡིན་འདུག
