སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སུད་སིར་ཕེབས་འབྱོར།
༄༅། །ཕྱི་ལོ་༢༠༢༦ ཟླ་༡༠ ཚེས་༨ ཉིན། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སུད་སིའི་ཛུ་རིག་གནམ་ཐང་དུ་ཕེབས་འབྱོར་གནང་ནས། སུད་སི་དང་། ཅེག་སྤྱི་མཐུན་རྒྱལ་ཁབ། ཇར་མ་ནི་བཅས་རྒྱལ་ཁབ་གསུམ་གྱི་གཞུང་འབྲེལ་ཕྱོགས་ཕེབས་འགོ་ཚུགས་གནང་ཡོད།
གནམ་ཐང་དུ་སྲིད་སྐྱོང་མཆོག་ལ་ཇི་ནི་ཝ་བོད་ཀྱི་དོན་གཅོད་དང་ལས་བྱེད། སུད་སི་བོད་རིགས་ཚོགས་པའི་ཚོགས་གཙོ། ས་གནས་བོད་མིའི་ཚོགས་སྡེ་ཁག་གི་སྐུ་ཚབ་དང་མི་མང་བཅས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།
སུད་སིར་བོད་རིག་གཞོན་སྐྱེས་ཐུག་འཕྲད་དངདང་བགྲོ་གླེང་།
སུད་སིར་གཞུང་འབྲེལ་འཚམས་གཟིགས་རིང་། སྲིད་སྐྱོང་མཆོག་གིས་འབྲེལ་ཡོད་ཕྱོགས་ཁག་དང་ཐུག་འཕྲད་དང་ཚོགས་འདུ་རིམ་པ་བསྐྱང་རྒྱུ་ཡིན། དེ་བཞིན་ས་གནས་བོད་མི་མང་དང་མཇལ་འཕྲད་དང་། བོད་ཀྱི་གཞོན་སྐྱེས་རྣམས་དང་ལྷན་དུ་བཀའ་མོལ་དང་བགྲོ་གླེང་གནང་རྒྱུ་ཡིན་པ་རེད།
ཅེག་རྒྱལ་ཁབ་ཏུ་ Forum 2000 ཚོགས་ཆེན་ལ་ཕེབས་ཞུགས།སུད་སིའི་མཛད་རིམ་གྲུབ་རྗེས། སྲིད་སྐྱོང་མཆོག་ཅེག་སྤྱི་མཐུན་རྒྱལ་ཁབ་ཏུ་ཕེབས་ནས། གླེང་སྟེགས་༢༠༠༠ འམ་ Forum 2000 ཚོགས་ཆེན་ཐེངས་༣༠ པར་མཉམ་ཞུགས་གནང་རྒྱུ་ཡིན། དེ་རྗེས་ཇར་མ་ནིར་ཕེབས་ནས་གཞུང་འབྲེལ་ལས་དོན་མུ་མཐུད་བསྐྱང་རྒྱུ་ཡིན་པ་རེད།
ཕྱོགས་ཕེབས་ཀྱི་དམིགས་ཡུལ།
རྒྱལ་ཁབ་གསུམ་གྱི་ཕྱོགས་ཕེབས་འདི་ནི་བོད་མིའི་སྒྲིག་འཛུགས་ཀྱི་རྒྱལ་སྤྱིའི་འབྲེལ་ལམ་རྒྱ་སྐྱེད་གཏོང་བའི་ལས་རིམ་གྱི་ཆ་ཤས་ཤིག་ཡིན། དམིགས་ཡུལ་གཙོ་བོ་ནི་ཆབ་སྲིད་དབུ་ཁྲིད་དང་། སྲིད་བྱུས་གཏན་འབེབས་གནང་མཁན། སྤྱི་ཚོགས་ཚོགས་པ་ཁག ཡོ་རོབ་ཀྱི་འབྲེལ་ཡོད་མི་སྣ་བཅས་ལ་བོད་རྒྱའི་དཀའ་རྙོག་སྐོར་གོ་རྟོགས་སྤེལ་རྒྱུ་དང་། བགྲོ་གླེང་དང་འབྲེལ་ལམ་ཤུགས་ཆེ་རུ་གཏོང་རྒྱུ། བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་མཉམ་ལས་སྔར་ལས་ཟབ་ཏུ་གཏོང་རྒྱུ་བཅས་ཡིན་པ་རེད།
གསར་འགྱུར་སྒྲིག་སྦྱོར། VOK Tibetan
པར་གྱི་ཡོང་ཁུངས། ཇི་ནི་ཝ་བོད་ཀྱི་དོན་གཅོད་ལས་ཁང་།
ལེགས་བཅོས་པར་སྤྱོད་ཚེ། པར་གྱི་སྤུས་ཚད་ AI ཡིས་ལེགས་བཅོས་བྱས།
