ཨ་རྒྱའི་སྲིད་འཛིན་གཉིས་ཐུག་འཕྲད་གནང་རྗེས་ཀྱང་ཨ་རིའི་ཐའེ་ཝན་སྲིད་ཇུས་ལ་འགྱུར་བ་མེད།
VOK Tibetan | ཕྱི་ལོ་༢༠༢༦ ཟླ་༡༠ ཚེས་༡།
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཨ་རིར་རྒྱལ་དོན་ལྟ་སྐོར་གནང་སྟེ། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་ཕུ་དང་ཐུག་འཕྲད་གནང་རྗེས་ཀྱང་། ཨ་རིས་ཐའེ་ཝན་ལ་འཛིན་པའི་སྲིད་ཇུས་ལ་འགྱུར་བ་མེད་པར། རྒྱ་ནག་ཏུ་བཞུགས་པའི་ཨ་རིའི་གཞུང་ཚབ་པ་ཆེན་མོ་ཌེ་ཝིཌ་ཕར་ཌིའུ་ཡིས་བརྗོད་འདུག
ཕྱི་ཟླ་༩ ཚེས་༢༨ ཉིན་ The Straits Times གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། ཕར་ཌིའུ་ཡིས་ Fox News ལ་བཅར་འདྲི་སྤྲད་སྐབས། ཨ་རིས་ཐའེ་ཝན་གྱི་རང་བཙན་ལ་རྒྱབ་སྐྱོར་མི་བྱེད་པ་དང་། བཙན་ཤེད་ཀྱི་བྱ་སྤྱོད་ལའང་རྒྱབ་སྐྱོར་མི་བྱེད་པའི་ལངས་ཕྱོགས་གསལ་པོར་བཏོན་ཡོད།
ཁོང་གིས་ཊམ་ཕུ་དང་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་ཐེངས་རེར། ཐའེ་ཝན་ལ་མཚོན་ཆ་ཕྱིར་ཚོང་བྱེད་པའི་སྐོར་གླེང་མོལ་གནང་གི་ཡོད་ཀྱང་། དེས་ཨ་རིའི་སྲིད་ཇུས་ལ་འགྱུར་བ་བཏང་མེད་པར་བརྗོད་ཡོད།
བཅར་འདྲིའི་སྐབས། གསར་འགོད་པས་ཞི་ཅིན་ཕིང་གི་འདོད་པ་བསྐང་ཆེད། ཨ་རིས་ཐའེ་ཝན་གྱི་རང་སྲུང་ལ་དགོས་པའི་མཚོན་ཆ་མཁོ་སྤྲོད་བྱེད་རྒྱུ་བཀག་གི་ཡོད་དམ་ཞེས་དྲིས་པར། ཕར་ཌིའུ་ཡིས་དེ་ལྟར་གཏན་ནས་མིན་པར་བརྗོད། ཁོང་གི་བཤད་པ་ལྟར་ན། ཊམ་ཕུ་སྲིད་གཞུང་གིས་ཐའེ་ཝན་ལ་ཨ་སྒོར་ཐེར་འབུམ་༡༡ རི་བའི་མཚོན་ཆ་ཕྱིར་ཚོང་བྱེད་རྒྱུར་ཆོག་མཆན་སྤྲད་ཟིན་པ་དང་། མཚོན་ཆ་གཞན་དག་ཕྱིར་ཚོང་བྱེད་པའི་ཐད་ཀྱང་མུ་མཐུད་གྲོས་བསྡུར་བྱེད་བཞིན་ཡོད།
ཞི་ཅིན་ཕིང་གིས་ཐེངས་འདིའི་ལྟ་སྐོར་སྐབས། ཨ་རིས་ཐའེ་ཝན་ལ་རྒྱབ་སྐྱོར་བྱེད་ཤུགས་ཉུང་དུ་གཏོང་དགོས་པའི་གནོན་ཤུགས་སྤྲད་ཡོད། ལྷག་པར་དུ། ཨ་རིས་ཐའེ་ཝན་གྱི་རང་བཙན་ལ་གསལ་པོར་ངོ་རྒོལ་བྱེད་དགོས་ཞེས་འབོད་སྐུལ་བྱས་ཡོད་པར་གནས་ཚུལ་དེའི་ནང་འཁོད་ཡོད།
འདིར་དབྱེ་བ་གསལ་པོ་བྱེད་དགོས་པ་ཞིག་ནི། ཨ་རིའི་“རྒྱ་ནག་གཅིག་གི་སྲིད་ཇུས་”དང་། རྒྱ་ནག་གི་“རྒྱ་ནག་གཅིག་གི་རྩ་དོན་”གཉིས་གཅིག་མཚུངས་མིན་པ་དེ་ཡིན། ཨ་རིས་ཕྱི་ལོ་༡༩༧༩ ལོར་པེ་ཅིང་གཞུང་ནི་རྒྱ་ནག་གི་ཁྲིམས་མཐུན་གཞུང་གཅིག་པུ་ཡིན་པར་ངོས་འཛིན་བྱས། འོན་ཀྱང་། ཐའེ་ཝན་ནི་རྒྱ་ནག་གི་ཆ་ཤས་ཡིན་ཞེས་པའི་རྒྱ་ནག་གི་ལངས་ཕྱོགས་ཡོད་པར་ངོས་འཛིན་བྱས་པ་དེ། ལངས་ཕྱོགས་དེར་ཨ་རིས་མོས་མཐུན་བྱས་པ་དང་དོན་གཅིག་མིན།
དེ་བཞིན། ཕྱི་ལོ་༡༩༧༩ ལོའི་ཐའེ་ཝན་འབྲེལ་བའི་ཁྲིམས་ཡིག་གིས། ཐའེ་ཝན་ལ་རང་སྲུང་ཆེད་དགོས་པའི་མཚོན་ཆ་མཁོ་སྤྲོད་བྱེད་རྒྱུ་དང་། བཙན་ཤེད་ཀྱིས་ཐའེ་ཝན་གྱི་བདེ་འཇགས་ལ་ཉེན་ཁ་བཟོ་བའི་བྱ་སྤྱོད་ལ་ཁ་གཏད་གཅོག་པའི་ནུས་པ་རྒྱུན་འཛིན་བྱེད་རྒྱུ་བཀོད་ཡོད། འོན་ཀྱང་། དམག་འཁྲུག་བྱུང་ཚེ་ཨ་རི་རང་བཞིན་གྱིས་དམག་ནང་ཞུགས་དགོས་པའི་ཁས་ལེན་ཞིག་ཁྲིམས་ཡིག་དེས་བྱས་མེད། ཉེན་ཁ་བྱུང་སྐབས་ཀྱི་འོས་འཚམ་གྱི་བྱ་ཐབས་ནི། ཨ་རིའི་སྲིད་འཛིན་དང་གྲོས་ཚོགས་ཀྱིས་རྩ་ཁྲིམས་ཀྱི་བྱ་རིམ་ལྟར་ཐག་གཅོད་དགོས་པ་ཡིན།
